དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བརྙན་ཐུང་དེས་སེམས་ལ་མི་བདེ་བའི་དོ་ཕོག་བྱུང་ཡོད་ཚེ་དེར་དགོངས་སེལ་ཡོད་པ་གསལ་བཤད་གནང་འདུག

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་རྒྱ་གར་གྱི་སློབ་ཕྲུག་༡༢༠ལྷག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས། རྒྱ་གར་བའི་ཕྲུ་གུ་ཞིག་ལ་སྐུ་རྩེད་གནང་པའི་བརྙན་ཐུང་ཞིག་གང་སར་ཁྱབ་བཞིན་པར་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གནད་དོན་དེས་སེམས་ལ་མི་བདེ་བའི་དོ་ཕོག་བྱུང་ཡོད་ཚེ་དེར་དགོངས་སེལ་ཞུ་ཡི་ཡོད་པ་གསལ་བཤད་གནང་འདུག
ཡོངས་ཁྱབ་ཕྱིན་པའི་བརྙན་ཐུང་དེ་ནི་ཉེ་ལམ་ཕྱི་ཟླ་༢བའི་ཚེས་༢༨ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ། རྒྱ་གར་གྱི་ཁང་ཚོང་ཁེ་གཉེར་ལས་ཁང་(M3M)་ཟེར་བ་དེའི་རོགས་ཚོགས་ཐེབས་རྩ་ཁང་གིས་གོ་སྒྲིག་ཞུས་ཏེ་རྒྱ་གར་གྱི་སློབ་ཕྲུག་༡༢༠ཙམ་ལ་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས་ཡིན་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཚོགས་ལ་ཕན་སེམས་ལྡན་པའི་མི་ཡ་རབས་ཤིག་བྱེད་དགོས་སྐོར་སོགས་ཀྱི་བཀའ་སློབ་ཕེབས་ཡོད་པ་རེད།
དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཕྱི་ཟླ་༤བའི་ཚེས་༡༠ཉིན་ཡོངས་ཁྱབ་གསལ་བཤད་གནང་པའི་ནང་། རྒྱ་གར་བའི་བུ་ཆུང་ཞིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཐམ་འཁྱུད་ཆོག་པའི་གནང་བ་ཞུས་པའི་བརྙན་ཐུང་ཞིག་དྲ་ལམ་གང་སར་འགྲོ་བཞིན་ཡོད་པའི་ཐད། བརྙན་ཐུང་དེའི་ནང་༧གོང་ས་མཆོག་གིས་གསུང་བབས་ལ་བརྟེན་ནས་དོ་བདག་བུ་ཆུང་དང་། ཕ་མ་རྣམ་གཉིས། དེ་བཞིན་འཛམ་གླིང་ཁྱོན་ལ་ཡོད་པའི་༧གོང་ས་མཆོག་གི་གྲོགས་པོ་རྣམ་པའི་ཐུགས་ལ་མི་བདེ་བའི་དོ་ཕོག་བྱུང་ཡོད་ཚེ། ༧གོང་ས་མཆོག་གིས་དེ་དག་ལ་དགོངས་སེལ་ཡོད་ཅེས་བཀའ་གནང་འདུག
ད་དུང་གསལ་བཤད་དེའི་ནང་། སྤྱིར་མཇལ་ཁའི་སྐབས་ཐུགས་ལ་སྣང་བ་རྣམ་རྟོག་གི་ནོངས་པ་མེད་ཙང་། མཇལ་ཞུ་བར་སྐུ་རྩེད་ཀུ་རེ་གནང་པར་མ་ཟད། མི་དམངས་ཁྲོད་དང་པར་ཆས་ཀྱི་མདུན་དུའང་དེ་ལྟར་གནང་བཞིན་ཡོད་པ་མཁྱེན་གལ་ཆེ་ཞུ་བ་དང་ཆབས་ཅིག ད་ལམ་གྱི་གནད་དོན་འདིར་ཐུགས་ཕམ་གནང་བཞིན་ཡོད་ཅེས་བཀོད་གནང་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁུངས་ལྡན་གྱི་གནས་ཚུལ་འབྱུང་ཁུངས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྲུ་གུ་དེར་སྐུ་རྩེད་གནང་བའི་བརྙན་ཐུང་དེ་ཡོངས་ཁྱབ་ཀྱི་གནས་ཚུལ་ཅི་རིགས་བྱུང་མིན་ལ་མ་བལྟོས་པར། དོ་བདག་ཕ་མའི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འགྱུར་མེད་དད་གུས་རྩེ་གཅིག་ཞུ་བཞིན་ཡོད་པ་ནན་བརྗོད་ཞུས་འདུག
གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།