རྡ་རམ་སཱ་ལའི་རྒྱ་གར་ཡུལ་མི་ཚོ་བོད་མི་སྐྱབས་བཅོལ་བ་ལ་བཀའ་དྲིན་ཆེན་པོ་ཡིན། ༧གོང་ས་མཆོག་གིས།

2022.04.04
རྡ་རམ་སཱ་ལའི་རྒྱ་གར་ཡུལ་མི་ཚོ་བོད་མི་སྐྱབས་བཅོལ་བ་ལ་བཀའ་དྲིན་ཆེན་པོ་ཡིན། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་ས་གནས་ཀངྒ་ར་རྫོང་གི་གཞུང་ཞབས་པ་ཚོར་མཇལ་ཁ་སྩལ་སྐབས། ༠༤།༠༤།༢༠༢༢
OHHDL

བཞུགས་སྒར་ཕོ་བྲང་དུ་སྤྱི་ཟླ་༤པའི་ཚེས་༤ཉིན། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ས་གནས་ཀངྒ་ར་རྫོང་གི་གཞུང་ཞབས་པ་ཚོར་མཇལ་ཁ་སྩལ་པ་དང་འབྲེལ། རྒྱ་གར་ས་གནས་ལས་བྱེད་པ་ཚོས་ཁོང་ལ་བདེ་འཇགས་དང་རང་དབང་གི་ཁོར་ཡུག་ཅིག་བསྐྲུན་པར་ཐུགས་རྗེ་ཆེ་ཞེས་ཞུས་གནང་བ་དང་ཆབས་ཅིག དམིགས་བསལ་རྡ་རམ་སཱ་ལའི་རྒྱ་གར་ཡུལ་མི་ཚོ་བོད་མི་སྐྱབས་བཅོལ་བ་ལ་བཀའ་དྲིན་ཆེན་པོ་ཡིན་པས། བཀའ་དྲིན་བསམ་ཤེས་དང་ཡི་རང་གནང་གི་ཡོད་པ་དང་། རྒྱ་གར་གྱི་སྲིད་བློན་པཎྜི་ཏ་ནེཧ་རུ་མཆོག་གིས་བོད་མི་སྐྱབས་བཅོལ་བ་ཚོར་བྱམས་སྐྱོང་ཚད་མེད་གནང་ཡོད་པ་དང་། སྤྱིར་དབུ་ཁྲིད་ཚོ་ཧ་ཅང་གཏོང་ཕོད་ཆེན་པོ་རེད་དེ། གཙོ་ཆེ་ཤོས་ས་གནས་མི་མང་ཡིན་པ་དང་མཚུངས། ང་ཚོར་འདིར་ས་གནས་ཡུལ་མི་དང་མཛའ་འབྲེལ་གཏིང་ཟབ་བྱུང་བར་ཡི་རང་ཆེན་པོ་ཡོད་པ་མ་ཟད། རྫོང་དཔོན་དང་ཉེན་རྟོག་དཔོན་རིགས་ཚང་མས་བྱམས་སྐྱོང་ཚད་མེད་གནང་གི་ཡོད་པར་བརྟེན། ངོས་རང་སྒེར་ཙམ་མ་ཟད་བོད་མི་སྐྱབས་བཅོལ་བ་སྤྱི་ཡོངས་དང་ཁྱད་པར་རྡ་རམ་ས་ལའི་བོད་མི་ཚོའི་ཚབ་ཞུས་ཏེ། ཐུགས་རྗེ་ཆེ་ཞེས་ཞུས་འདུག
གཞན་ཡང་༧གོང་ས་མཆོག་གིས་རྒྱ་གར་ནས་དེང་རབས་འཕྲུལ་རིག་དང་སྙིང་རྗེ་བསམ་པ་ཟུང་འབྲེལ་གྱི་སྒོ་ནས།ཞི་བདེ་དར་སྤེལ་གཏོང་དགོས། དུས་རབས་སྔ་མའི་ནང་བདག་ཉིད་ཆེན་པོ་གྷན་ངྷི་ནས་འཚེ་བ་མེད་པའི་ལམ་སྲོལ་དར་སྤེལ་གནང་ཡོད་པ་བཞིན། ད་ཆ་རྒྱ་གར་བ་ཚོས་སྙིང་རྗེའི་བསམ་པ་གོང་སྤེལ་གནང་དུས་སུ་བབས་ཡོད།ཆོས་དད་ཡོད་མིན་དང་ཆོས་གང་ལ་དད་མིན་བཅས་ལ་མ་ལྟོས་པར། ཕན་ཚུན་སྤུན་ཟླའི་འདུ་ཤེས་ཀྱི་ཐོག་ནས་ཞི་བདེ་དར་སྤེལ་གནང་དགོས་པ་དང་། མི་འབོར་ཆེ་ཤོས་སུ་གྱུར་པའི་རྒྱ་ནག་ནང་འདས་པའི་དུས་རབས་གཅིག་ལྷག་གི་རིང་དཀའ་རྙོག་མང་པོ་འཕྲད་ཡོད་ལ། ད་ལྟ་རྒྱ་མི་མང་པོས་ནང་ཆོས་དང་རྒྱ་གར་གྱི་རིག་གཞུང་ལ་དོ་སྣང་བྱེད་བཞིན་པར་བརྟེན། རྒྱ་གར་བ་ཚོས་དེང་རབས་ཤེས་ཡོན་དང་མཉམ་དུ་སྙིང་རྗེའི་བསམ་པ་དང་འབྲེལ་ཏེ་ཞི་བདེ་གོང་སྤེལ་དུ་གཏོང་དགོས་པ་བཀའ་གནང་འདུག
ཀངྒ་ར་རྫོང་གི་དཔོན་(Dr Nipun Jindal)་ལགས་ནས་༧གོང་ས་མཆོག་གི་མཇལ་ཁ་གྲུབ་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་བོད་ཀྱི་དཔེ་མཛོད་དང་འགྲེམས་སྟོན་བཅས་སུ་གཟིགས་ཞིབ་གནང་སྐབས། ཀངྒ་ར་རྫོང་གི་ལས་བྱེད་རྣམ་པ་དེ་རིང་༧གོང་ས་མཆོག་ལ་མཇལ་ཁ་ཐོབ་ཏེ་དགའ་ཚོར་སེམས་འགུལ་བརྗོད་ཀྱིས་མི་ལང་བ་བྱུང་བ་དང་། བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་གཟིགས་ཞིབ་དང་སྲིད་སྐྱོང་མཆོག་ལ་མཇལ་འཕྲད་གནང་བ་མ་ཟད། ལྷན་ཁང་ཁག་ལ་གཟིགས་ཞིབ་དང་དྲུང་ཆེ་རྣམ་པར་མཇལ་འཕྲད་ཀྱིས། བོད་མིའི་སྒྲིག་འཛུགས་དང་རྒྱ་གར་གཞུང་བར་མཉམ་ལས་འབྲེལ་མཐུད་སྣ་མང་གི་ཐོག་གོ་བསྡུར་དང་། འབྱུང་འགྱུར་ལས་དོན་གནང་འཆར་ཡོད་པ་གསལ་སྟོན་གནང་ཡོད་པ་རེད།
རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁོངས་སུ་ཆགས་པ་ཀངྒ་ར་རྫོང་ཁོངས་སུ། བཞུགས་སྒར་རྡ་རམ་ས་ལའང་ཚུད་ཀྱི་ཡོད་པར་བརྟེན། ཀངྒ་ར་རྫོང་ནི་འདས་པའི་མི་ལོ་༦༠ལྷག་གི་རིང་༧གོང་ས་མཆོག་གི་བཞུགས་སྒར་དང་བཙན་བྱོལ་བོད་མིའི་ཆོས་སྲིད་ཀྱི་ལྟེ་གནས་གལ་ཆེ་ཤོས་དེ་ཆགས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎