རྒྱལ་བའི་ཕོ་བྲང་དུ་འགོ་ཁྲིད་དང་བདེ་སྐྱིད་ཞེས་པའི་བརྗོད་གཞི་ཐོག་ལྷན་ཚོགས་ཉིན་གཉིས་རིང་ཚོགས་འདུག

2023.03.24
རྒྱལ་བའི་ཕོ་བྲང་དུ་འགོ་ཁྲིད་དང་བདེ་སྐྱིད་ཞེས་པའི་བརྗོད་གཞི་ཐོག་ལྷན་ཚོགས་ཉིན་གཉིས་རིང་ཚོགས་འདུག རྒྱལ་བའི་ཕོ་བྲང་དུ་འགོ་ཁྲིད་དང་བདེ་སྐྱིད་ཞེས་པའི་བརྗོད་གཞི་ཐོག་གི་ལྷན་ཚོགས་ཉིན་གཉིས་བའི་སྐབས། ༠༣།༢༤།༢༠༢༣
OHHDL

ཟླ་བ་འདིའི་ཕྱི་ཚེས་༢༣དང་༢༤ཉིན་གཉིས་ཀྱི་རིང་། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཨ་རིའི་ཧར་ཝཌི་(Harvard)་གཙུག་ལག་སློབ་གཉེར་ཁང་གི་གོ་སྒྲིག་འོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག ཧར་ཝཌི་གཙུག་ལག་སློབ་ཁང་གི་འགོ་ཁྲིད་དང་བདེ་སྐྱིད་སློབ་གསོའི་སློབ་དཔོན་ཆེན་མོ་(Arthur C Brooks)་ལགས་གཙོས་གཙུག་ལག་སློབ་ཁང་དེའི་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་༢༥མཉམ་ཞུགས་ཀྱིས་འགོ་ཁྲིད་དང་བདེ་སྐྱིད་ཞེས་པའི་བརྗོད་གཞི་ཐོག་ལྷན་ཚོགས་གནང་ཡོད་པ་དང་། ལྷན་ཚོགས་ཀྱི་ཉིན་དང་པོར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་ཡོངས་ལ། ངོས་རང་གིས་ཡིད་ཆེས་བྱེད་བཞིན་པ་ནི་ཕྱིའི་གཟུགས་པོའི་གནས་སྟངས་དེ་བཞིན་ནང་བསམ་བློའི་བསམ་ཞིབ་ལ་རག་ལུས་ཡོད་པ་དང་། གལ་ཏེ། བསམ་བློའི་གནས་ཚད་ཞི་བདེ་བག་ཕེབས་ངང་ཡོད་ཚེ་འདིའི་ཕྱིའི་གཟུགས་པོ་ལ་ཡག་པའི་ཤུགས་རྐྱེན་ཐེབས་ངེས་ཡིན་པ་དང་། གལ་ཏེ། སེམས་ཁྲལ་མང་པོ་དང་ཡང་སྐབས་རེ་ཁོང་ཁྲོ་མང་པོ་ལང་པ་ཡིན་ན་དེས་ཕྱིའི་གཟུགས་པོ་ལ་ཡང་གནོད་སྐྱོན་ཆེན་པོ་ཡོད་དུས། འགྲོ་བ་མིའི་མི་ཚེའི་ནང་བྱམས་བརྩེའི་བརྩེ་སེམས་ནི་གལ་གནད་ཆེན་པོ་ཡིན་པ་བཀའ་སྩལ་ཡོད་པ་རེད།
ད་ལན་ཉིན་གཉིས་ཀྱི་ལྷན་ཚོགས་འཇུག་སྒྲིལ་བྱུང་མཚམས་སུ། ལྷན་ཚོགས་དེ་གཙོ་བོ་འགན་འཁུར་བཞེས་མཁན་(Arthur C Brooks)་ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་དབུ་བཞུགས་ཀྱིས་ང་ཚོས་འགོ་ཁྲིད་དང་བདེ་སྐྱིད་ཐོག་ཐེངས་དང་པོ་ལྷན་ཚོགས་གནང་བ་དང་མཉམ་དུ། ང་ཚོས་ཧར་ཝཌིར་བདེ་སྐྱིད་ཀྱི་རྟག་དཔྱད་ཁང་གསར་བཙུགས་བྱས་ཡོད། མགོན་པོ་གང་ཉིད་ནི་ངའི་མི་ཚེའི་ནང་བདེ་སྐྱིད་ཐོག་ཞིབ་འཇུག་གི་ལས་དོན་ཐད་ལམ་སྟོན་པ་གལ་ཆེ་ཞིག་ཡིན། ལས་གཞི་འདི་ནི་ཧར་ཝཌི་ཙམ་མ་ཟད། ཨ་རིའི་ནང་ཐེངས་དང་པོ་ཞིག་ཡིན་པ་དང་། ང་ཚོ་ཚང་མས་ཤེས་དགོས་པ་ཞིག་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་རྒྱུན་དུ་འཛམ་གླིང་ནང་བདེ་སྐྱིད་བསྐྲུན་རྒྱུར་གལ་ཆེར་དགོངས་བཞེས་ཀྱིས་ཐུགས་བརྩོན་གནང་བཞིན་ཡོད་པ་ལྟར། འཛམ་གླིིང་ཁྱོན་དུ་བདེ་སྐྱིད་བསྐྲུན་རྒྱུར་རླབས་ཆེན་གྱི་མཛད་འཁུར་བཞེས་མཁན་ཞིག་ཡིན་པས། ང་ཚོའི་མི་ཚེ་ལྷག་མ་འདིར་མགོན་པོ་གང་ཉིད་ཀྱི་དགོངས་པའི་ཆ་ཤས་ཙམ་སྒྲུབ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་སྐོར་གསུང་ཡོད་པ་རེད།
ད་དུང་ཁོང་གིས་ཧར་ཝཌིའི་ནང་གསར་བཙུགས་བྱས་བའི་བདེ་སྐྱིད་རྟག་དཔྱད་ཁང་ནི། འགོ་ཁྲིད་ཚོས་འཛམ་གླིང་ནང་བདེ་སྐྱིད་བསྐྲུན་རྒྱུར་དམིགས་པ་ཞིག་ཡིན་པ་དང་། དེའི་ཐོག་༧གོང་ཏཱ་ལའི་བླ་མ་མཆོག་གིས་ལམ་སྟོན་གནང་བ་ནི། འཛམ་གླིང་ནང་འགྲོ་བ་མི་ཐེར་འབུམ་བརྒྱད་ཙམ་ཞིག་ཡོད་པ་དེ་དག་ཕན་ཚུན་བར་ཕུ་ནུའི་འདུ་ཤེས་བཟུང་ནས་ཚང་མ་འདྲ་མཉམ་དང་ཆེ་མཐོང་ལྡན་པའི་ཐོག་མི་ཚེ་བསྐྱལ་རྒྱུའི་གོ་སྐབས་ཡོད་པ་སོགས་རིན་ཐང་ཆེ་བའི་ལམ་སྟོན་སློབ་གསོ་དུ་མ་ཞིག་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་ལ། འཛམ་གླིང་ནང་གི་མི་རྣམས་ལ་ལུས་སེམས་གཉིས་ཀྱི་དཀའ་ངལ་འཕྲད་བཞིན་དེ་དག་༧གོང་ས་མཆོག་གིས་སེལ་ཐུབ་ཆེད། གུས་པས་༧གོང་ས་མཆོག་དགུང་གྲངས་༡༢༠བར་བཞུགས་རྒྱུའི་རེ་བ་ཞུ་གི་ཡོད། གང་ཡིན་ཟེར་ན། འཛམ་གླིང་ནང་བདེ་སྐྱིད་བསྐྲུན་རྒྱུར་ཁོང་གི་བསླབ་བྱ་དེ་དགོས་གལ་ཆེན་པོ་ཡིན་པ་གསུང་ཡོད་པ་རེད།
འདི་ཚེས་༢༣ཉིན་(Arthur C Brooks)་ལགས་གཙོས་ཧར་ཝཌི་གཙུག་ལག་སློབ་ཁང་གི་དགེ་ལས་སློབ་ཕྲུག་ཚོགས་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བོད་ཀྱི་དཔེ་མཛོད་ཁང་བཅས་སུ་གཟིགས་སྐོར་གནང་ཡོད་པ་རེད།


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎