༧གོང་ས་མཆོག་གིས་གྲྭ་བཙུན་༥༤ལ་དགེ་ཚུལ་གྱི་སྡོམ་པ་སྩལ་གནང་མཛད་འདུག
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་སྐུ་ངལ་འཛེམ་མེད་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་རྒྱས་ཐབས་དང་། ལྷག་པར་འདུལ་འཛིན་དགེ་འདུན་གྱི་སྡེ་མི་ཉམས་གོང་འཕེལ་གྱི་ཆེད། རྣམ་ཀུན་ལོ་རེ་བཞིན་དགེ་ཚུལ་སློང་ཧ་ཅང་མང་པོ་ལ་སྡོམ་པ་འབོག་འཇོག་གི་མཛད་འཕྲིན་རྒྱ་ཆེ་བསྐྱང་གི་ཡོད་ནའང་། བར་ལམ་ཀོ་ཝིཌ༡༩ཏོག་དབྱིབས་རིམས་ནད་འཛམ་གླིང་ཁྱོན་དུ་འགོས་ཁྱབ་ཤུགས་ཆེ་བྱུང་བ་ནས་བཟུང་། ཉེ་བའི་ལོ་གཉིས་རིང་མཛད་འཕྲིན་དེ་ཇི་བཞིན་དུ་བསྐྱང་གནང་མེད་ནའང་། བར་ལམ་ནད་ཡམས་ཁྱབ་གདལ་ཅུང་ཟད་འཇམ་རྗེས་ཀྱི་༧གོང་ས་མཆོག་གིས་སྤྱི་ཟླ་༣པའི་ཚེས་༡༤ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆེས་ཐོག་མའི་དགེ་ཚུལ་གྱི་སྡོམ་པ་འབོག་འཇོག་གི་མཛད་པ་བསྐྱངས་ཏེ། བསྒྲུབ་བྱ་ཞལ་གྲངས་༥༤ལ་དགེ་ཚུལ་གྱི་སྡོམ་པ་གནང་ཡོད།
དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་ནས། ནད་ཡམས་རྗེས་དགེ་ཚུལ་སློང་གི་སྡོམ་པ་གནང་ཐེངས་དང་པོ་ཡིན་པར་བརྟེན། ཕྱོགས་མང་པོ་ནས་དགོངས་བཞེས་སྟངས་འཛིན་བྱ་དགོས་ཐུག་གི་ཡོད་པ་དང་། དེ་ལ་དགེ་ཚུལ་གྱི་སྡོམ་པ་བཞེས་མཁན་༩༨ཙམ་དང་། དགེ་སློང་གི་སྡོམ་པ་བཞེས་མཁན་༣༢༧ཡས་མས་ཤིག་བྱུང་བ་དང་། སྐབས་དེར་༧གོང་ས་མཆོག་གིས་དགེ་ཚུལ་གྱི་སྡོམ་པ་བཞེས་མཁན་ཚོར། དགེ་ཚུལ་སློང་གི་སྡོམ་པ་ཞུས་པ་དེ་དོན་དང་ལྡན་པ་ཡོང་ཐབས་འབད་དགོས་པའི་བཀའ་ཕེབས་ཡོད་པ་གསུངས་བྱུང་།
ད་རེས་༧གོང་ས་མཆོག་གི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་མཁན་བཙུན་མ་བསྟན་འཛིན་སྒྲོལ་དཀར་ལགས་ནས། གོ་སྐབས་འདི་རག་པར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། ༧གོང་ས་མཆོག་གིས་དཔེ་ཆ་ཡག་པོ་གཟིགས་དགོས་བ་དང་། དགེ་ཚུལ་མ་ཡག་པོ་ཞིག་གནང་དགོས་པའི་བཀའ་གནང་བྱུང་བ་འགྲེལ་བརྗོད་གནང་གི་འདུག
དགེ་ཚུལ་མ་བསྟན་འཛིན་ལྷ་མཛེས་ལགས་ནས་ཀྱང་། ༧གོང་ས་མཆོག་གིས་དཔེ་གཟིགས་དང་སྒོམ་བསྐྱོན་དགོས་པ། སེམས་བཟང་པོ་གནང་དགོས་པའི་བཀའ་ཕེབས་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་དགེ་ཚུལ་གྱི་སྡོམ་པ་བཞེས་མཁན་བསྟན་འཛིན་སྒྲོལ་མ་ལགས་ནས། ༧གོང་ས་མཆོག་ལ་མཇལ་ནས་དགའ་སྤྲོ་ཆེན་པོ་བྱུང་བ་མ་ཟད། ཁོང་གིས་སློབ་སྦྱོང་དང་དཔེ་ཆར་ཡག་པོ་ལྟོས་ཤོག་ཅེས་བཀའ་གནང་བ་འགྲེལ་བརྗོད་གནང་གི་འདུག
ཐོག་མའི་སྐུ་སྒེར་ཡིག་ཚང་གི་འཆར་གཞི་ལ་དགེ་སློང་གི་སྡོམ་པ་༧གོང་ས་མཆོག་གིས་སྩལ་རྒྱུ་མ་གཏོགས། དགེ་ཚུལ་གྱི་སྡོམ་པ་རང་རང་གི་བླ་མའི་རྩ་ནས་བཞེས་འཆར་བཀོད་གནང་ཡོད་ནའང་། རིན་པོ་ཆེ་ཁག་ཅིག་ནས་གསོལ་འདེབས་གནང་བར་བརྟེན། དགེ་ཚུལ་སྡོམ་པ་བསྩལ་རྒྱུའི་ཉི་མ་གཅིག་གི་གོ་སྐབས་སྩལ་ཡོད་པ་དང་། རེས་གཟའ་ལྷག་པ་ཉིན་གྱི་ཞོགས་པ་ནས་དགེ་སློང་གི་སྡོམ་པ་བསྩལ་གཏན་འཁེལ་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།