༧གོང་ས་མཆོག་གིས་རྒྱ་གར་གྱི་ཉེན་རྟོག་པ་ཚོར་བྱམས་བརྩེའི་སྐོར་བཀའ་སློབ་སྩལ་འཆར་འདུག
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་ཉེན་རྟོག་པ་ཚོར་ཉེན་རྟོག་པའི་ལས་འགན་ནང་དུ་གཞན་གྱི་སྡུག་བསྔལ་ལ་སེམས་ཁུར་དང་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་འཆར་འདུག
དེ་ཡང་རྒྱ་གར་གྱི་ཉེན་རྟོག་པའི་ཚོགས་པས་གསོལ་འདེབས་ཞུས་དོན་ལྟར། འདི་ཚེས་༡༧གཟའ་ལྷག་པའི་ཉིན་གྱི་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་༩ནས་༡༠བར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉེན་རྟོག་པའི་ལས་འགན་ནང་དུ། གཞན་གྱི་སྡུག་བསྔལ་ལ་སེམས་ཁུར་དང་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུའི་མཛད་འཆར་ཡོད་པ་དང་། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་ཡིན་པ་རེད་འདུག
མཛད་འཆར་ལྟར་ན། ཕྱི་ཟླ་གཉིས་པའི་ཚེས་༢༧བོད་ཟླ་དང་པོའི་ཚེས་༡༥ཆོ་འཕྲུལ་དུས་ཆེན་ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་གསུང་ཆོས་བསྡུས་པ་ཞིག་སྩལ་རྒྱུ་དང་། དེ་ནས་ལ་དྭགས་སེམས་བསྐྱེད་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་རྒྱུ་ཡིན་པ་རེད།
ཕྱི་ཟླ་༣ཚེས་༡༡ནས་༡༣བར་གྱི་ཉིན་གྲངས་གསུམ་རིང་སོག་པོའི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དྲ་ལམ་བརྒྱུད་ཆོས་འབྲེལ་དང་ཚན་རིག་སྐོར་ལ་བཀའ་སློབ་སྩལ་རྒྱུའི་མཛད་འཆར་འདུག