༧གོང་ས་མཆོག་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོར་དབུ་བཞུགས་མཛད།

2024.01.03
༧གོང་ས་མཆོག་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོར་དབུ་བཞུགས་མཛད། ༧གོང་ས་མཆོག་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོར་དབུ་བཞུགས་མཛད་སྐབས། ༠༡།༠༣།༢༠༢༤
OHHDL

ཟླ་བ་འདིའི་ཕྱི་ཚེས་༣ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག སྐྱབས་རྗེ་དགའ་ལྡན་ཁྲི་བ་རིན་པོ་ཆེ་མཆོག་དང་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་དབུས་པས་གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ་འཛོམས་སར། གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ། ར་སྟོད་གྲྭ་ཚང་བཅས་ཀྱི་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་པ་དགེ་འདུན་པ་གྲངས་༤༡༣ལ་ཕྱག་འཁྱེར་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། བོད་ཀྱི་ནང་བསྟན་སློབ་གཉེར་བྱེད་སྟངས་དེ་ཧ་ཅང་ཁྱད་འཕགས་ཅན་ཞིག་ཡིན་སྐོར་དང་། ཇི་ལྟར་སློབ་གཉེར་གནང་བ་བཞིན་རིམ་པས་ལག་ལེན་གནང་ནས་ས་ལམ་བགྲོད་ཐབས་སུ་འབད་བརྩོན་གནང་དགོས་བ། ཉམས་ལེན་གནང་ནས་རྒྱལ་བའི་དགོངས་པ་དང་མཐུན་ཞིང་འཛམ་གླིང་སྤྱི་དང་། ལྷག་པར་དུ་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་ཡོད་མཁན་རྣམས་ལ་མིག་དཔེ་སྟོན་ཐུབ་པ་སོགས་བསྟན་པའི་ཞབས་འདེགས་སྒྲུབ་དགོས་པའི་བཀའ་གནང་ཡོད་པ་རེད།
སྐབས་དེར་ད་དུང་༧གོང་ས་མཆོག་གིས། ཉི་ཧོང་ནང་ས་ཡོམ་གྱི་རྐྱེན་ངན་གོད་ཆགས་བྱུང་བ་རྣམས་ཀྱི་ཆེད་དུ་དམིགས་ཏེ་ཐུགས་སྨོན་གནང་དགོས་པ་ལམ་སྟོན་གནང་བ་མ་ཟད། ཆེད་དུ་ཤེས་རབ་སྙིང་པོ་གསུངས་འདོན་གནང་ཏེ་ཐུགས་བརྩེ་བ་ཆེན་པོས་ཐུགས་སྨོན་གནང་སོང་།

HH Award of Geshé Lharampa Degrees  (1).jpg
ཡང་མཛད་སྒོའི་ཐོག་དགའ་ལྡན་ཁྲི་བ་རིན་པོ་ཆེ་མཆོག་གིས་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་བཞེས་མཁན་རྣམས་སྐུ་གཞོན་དུས་ནས་ཆོས་སྒོར་ཞུགས་ཏེ་ཟབ་ཅིང་རྒྱ་ཆེ་བའི་གཞུང་ལུགས་ཁག་ལ་བརྩོན་པ་ཆེན་པོས་སློབ་གཉེར་གནང་བ་དང་། ད་ཆ་ཆོས་ཀྱི་གྲུབ་འབྲས་བཟང་པོ་ཐོན་པ་ལ་ལེགས་གསོ་བསྔགས་བརྗོད་གནང་ཡོད་པ་རེད།
དེ་མིན་མཛད་སྒོའི་ཐོག་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་དོ་དམ་པ་དགེ་བཤེས་ལྷ་རམས་པ་སྤྲུལ་སྐུ་བསྟན་འཛིན་ཤེས་རབ་ལགས་ཀྱིས། དགེ་ལུགས་རྒྱུགས་སྤྲོད་ཀྱི་བྱུང་རིམ་ངོ་སྤྲོད་གནང་བ་དང་མཉམ། དགའ་ལྡན་ཁྲི་རིན་པོ་ཆེ་ཡིས་ལྷ་རམས་དགེ་བཤེས་རྣམས་ལ་ཕྱག་འཁྱེར་གནང་ཡོད་པ་རེད།
ཕྱི་ལོ་༢༠༢༠་ནས་༢༠༢༣་བར་གྱི་ལོ་ངོ་བཞི་རིང་དགེ་བཤེས་ལྷ་རམས་པ་ཐོན་མཁན་ཁྱོན་དགེ་འདུན་པ་༤༡༣་ཡོད་པའི་ཁོངས་ནས་ད་རེས་དགེ་འདུན་པ་༣༠༠ཙམ་དངོས་སུ་ཕྱག་འཁྱེར་ཞུ་བར་བཅར་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་བཞེས་མཁན་ཁག་ཅིག་ལ་མ་འོངས་འཆར་གཞི་སོགས་ཀྱི་འབྲེལ་སྐོར་བཀའ་འདྲི་ཞུས་སྐབས། ཁོང་རྣམ་པས་རྒྱལ་བའི་བཀའ་དགོངས་བཞིན་ཆོས་ཉམས་ལེན་གནང་རྒྱུ་དང་གཞན་ལ་ནང་ཆོས་ངོ་སྤྲོད་གནང་རྒྱུའི་འཆར་གཞི་ཡོད་པའི་སྐོར་སོགས་གསུངས་བྱུང་།
དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་དགེ་ལུགས་རྒྱུགས་སྤྲོད་ཞེས་པ་དེ་ནི། ཐོག་མར་བཙན་བྱོལ་ནང་ཕྱི་ལོ་༡༩༧༥ལོར་དངོས་སུ་དབུ་བཙུགས་གནང་བ་ཞིག་ཡིན་པ་དང་། དེའི་ནང་རི་བོ་དགེ་ལུགས་པའི་གདན་ས་སེར་འབྲས་དགའ་གསུམ་གྱི་གྲྭ་ཚང་ཁག་དྲུག་གི་ཐོག་བཀྲིས་ལྷུན་པོ་དང་། རྭ་སྟོད་གྲྭ་ཚང་བཅས་ཀྱི་དགེ་འདུན་པ་ལྷན་ཞུགས་གནང་གི་ཡོད་ཅིང་། དགེ་ལུགས་རྒྱུགས་སྤྲོད་ཀྱི་ནང་ཞུགས་མཁན་དགེ་འདུན་པ་རྣམ་པས་གྲྭ་ཚང་སོ་སོ་ནང་གཙོ་བོ་གཞུང་བཀའ་པོད་ལྔའི་ཐོག་ལོ་ངོ་༡༧་བས་༡༨ཙམ་རིང་སློབ་གཉེར་གནང་བའི་རྗེས། དགེ་ལུགས་རྒྱུགས་སྤྲོད་ཀྱི་ཆ་རྐྱེན་ཚང་བ་རྣམས་དགེ་ལུགས་རྒྱུགས་སྤྲོད་ཀྱི་ནང་ཞུགས་ཏེ་སླར་ཡང་གཙོ་བོ་གཞུང་བཀའ་པོད་ལྔ་ལ་རྒྱ་ཆེ་གཏིང་ཟབ་ཀྱི་སློབ་གཉེར་གནང་བའི་ཐོག་ཐུན་མོང་རིག་གནས་དང་ཞར་བྱུང་སློབ་ཚན་སོགས་ཀྱི་སྟེང་དེང་རབས་ཚན་རིག་ལ་སོགས་པའི་ཐད་ལོ་དྲུག་གི་རིང་སློབ་གཉེར་མཐར་ཕྱིན་པ་གནང་བའི་རྗེས་སུ། དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་བཞེས་གནང་གི་ཡོད་པ་དང་། དེ་ནི་དེང་རབས་ལུགས་སྲོལ་དང་མཐུན་པའི་འབུམ་རམས་པ་ཚད་མཉམ་པ་ཞིག་རྩིས་གནང་གི་ཡོད་པ་རེད་འདུག


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎