ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གནད་ཡོད་མི་སྣ་ཐེ་ཝན་གྱི་གྲོས་ཚོགས་ནང་ཕེབས་ནས་གཏམ་བཤད་གནང་།
2020.09.01

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་ཝན་གྱི་གྲོས་ཚོགས་ནང་ཕེབས་ནས་གཏམ་བཤད་གནང་བར་རྒྱ་ནག་ལ་ཁོང་ཁྲོ་བསླངས་འདུག
ཉིན་འདི་ཚོར་ཅེག་(Czech)་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོ་མེ་ལོ་སི་(Milos Vystrcil)་ལགས་ཀྱིས་ཐེ་ཝན་ནང་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ་དང་། འདི་ཚེས་༡་ཉིན་ཁོང་ཐེ་ཝན་གྱི་གྲོས་ཚོགས་ནང་ཕེབས་ནས་གཏམ་བཤད་སྐབས་ང་ཐེ་ཝན་པ་ཞིག་ཡིན་ཞེས་བཤད་ཡོད་པ་དང་། དེ་ནི་སྔ་མོ་གྲང་དམག་སྐབས་ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་(John F Kennedy)་མཆོག་གི་གཏམ་བཤད་ཀྱི་བརྗོད་ཚིག་གོ་དོན་ཁྱད་པར་ཅན་སྟོན་ནས་གཏམ་བཤད་གནང་ཡོད་པས། དེས་རྒྱ་ནག་ལ་ཁོང་ཁྲོ་ཆེན་པོ་བསླངས་ཡོད་པ་རེད་འདུག
དེའི་ཐད་ཧྥ་རན་སི་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་(Milos)་ལགས་ཀྱིས། ཐེ་ཝན་གྲོས་ཚོགས་སུ་གཏམ་བཤད་སྐབས། ཁོང་གིས་ཕྱི་ལོ་༡༩༦༣་ལོར་ཨ་རིའི་སྲིད་འཛིན་དམ་པ་(John F Kennedy)་མཆོག་གིས། ནུབ་འཇར་མན་ལ་ཨུ་རུ་སུས་ཉེན་ཁ་ཡོད་པ་གཟིགས་ནས་ཁོང་གིས་ནུབ་འཇར་མན་གྱི་མི་མང་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་དང་། ཁོང་ཚོའི་རང་དབང་ལ་ཆེ་མཐོང་ཆེན་པོ་ཞུ་གི་ཡོད་པའི་གཏམ་བཤད་གནང་བའི་བརྗོད་ཚིག་བེད་སྤྱོད་གནང་ཐོག མཐར་ངས་ཐེ་ཝན་རྒྱལ་ཁབ་ལ་ང་ཡང་ཐེ་ཝན་གྱི་ཡུལ་མི་ཞིག་ཡིན་ཞེས་ཞུ་གི་ཡོད་ཅེས་རྒྱ་སྐད་ཐོག་གསུངས་སྐབས། ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་མི་ཚང་མ་ཡར་ལངས་ནས་དགའ་སྤྲོ་ཆེན་པོའི་ངང་རྒྱུན་རིང་ཐལ་མོ་རྡེབ་གནང་འདུག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་(Milos Vystrcil)་ལགས་ཀྱིས་དབུ་ཁྲིད་པའི་གྲོས་ཚོགས་ཀྱི་འཐུས་མི་༩༠་ཐེ་ཝན་ནང་གཞུང་འབྲེལ་གཟིགས་སྐོར་ཕེབས་པ་དང་། གྲོས་ཚོགས་སུ་ཕེབས་ནས་གཏམ་བཤད་གནང་བར་རྒྱ་ནག་ཁོང་ཁྲོ་ཆེན་པོ་ལངས་ནས། དེ་ནི་སྨད་པར་འོས་པའི་ཀུན་སྤྱོད་ཞིག་ཡིན་པ་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་ལུགས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་ཟླ་༨་པའི་ཚེས་༣༡་གཟའ་ཟླ་བའི་ཉིན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཡིས་ ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མདུན་ལམ་རིང་པོ་མེད་པའི་བྱ་སྤྱོད་དེས་རྐྱེན་པས་གྱོང་གུན་ཆེན་པོ་ཕོག་གི་རེད་ཅེས་ཉེན་བརྡ་ཡང་བཏང་ཡོད་པ་རེད།
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཐེ་ཝན་ནང་རེས་གཟའ་པ་སངས་བར་གཟིགས་སྐོར་གནང་འཆཪ་ཡོད་པ་དང་། དེའི་རིང་ཐེ་ཝན་གྱི་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་འཆར་ཡོད་འདུག