བོད་ཀྱི་སྲོལ་རྒྱུན་རིག་གནས་ནང་ཉམས་ཞིབ་བྱེད་པའི་སྒྲུབ་དོན་རིགས་དཀོན་པོ་ཡིན་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གྱིས་གསུངས་བྱུང་།

2023.08.22
བོད་ཀྱི་སྲོལ་རྒྱུན་རིག་གནས་ནང་ཉམས་ཞིབ་བྱེད་པའི་སྒྲུབ་དོན་རིགས་དཀོན་པོ་ཡིན་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གྱིས་གསུངས་བྱུང་། བཞུགས་སྒར་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དགུ་པའི་ལྷན་པར། ༢༠༢༣།༠༨།༢༢ ཉིན།
RFA

ཕྱི་ལོ་ ༢༠༢༣ ཟླ་བ་ ༨ པའི་ཚེས་ ༢༢ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་པ་ ༣༠ ཙམ་ཞིག་ལྷན་འཛོམས་ཐོག་ཚོགས་འདུ་ཐེངས་དགུ་པ་དེ་བཞིན་བསྐོང་ཚོགས་གནང་ཞིང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། བོད་ཀྱི་སྲོལ་རྒྱུན་རིག་གནས་ནང་དུ་ཉམས་ཞིབ་བྱེད་པའི་སྒྲུབ་དོན་རིགས་དཀོན་པོ་ཡིན་པའི་ཁར། ལྷག་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་འབྲེལ་ཉམས་ཞིབ་རིགས་ཉུང་ཉུང་ཡིན་པས། དེ་དག་ཁ་བསྐོང་བྱེད་རྒྱུ་སོགས་ཀྱི་ཆེད་དུ་བསྐོང་ཚོགས་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་ཚོགས་འདུའི་ཐོག་བཅར་བའི་ན་གཞོན་ཉམས་ཞིབ་པ་དེ་དག་གིས་བོད་ཀྱི་སྲིད་བྱུས་ཞམས་ཞིབ་ཁང་ལ་རང་ཉིད་ཀྱི་དཔྱད་རྩོམ་སྙན་འབུལ་གྱིས། འདེམས་སྒྲུག་གནང་བ་ཞིག་ཡིན་པ་དང་། ཉམས་ཞིབ་པ་ཚོས། བོད་ཀྱི་བྱུང་རབས་དང་། ནང་ཆོས། བོད་ཀྱི་རྩོམ་རིག་ལོ་རྒྱུས། བོད་ཀྱི་གཡུང་དྲུང་གི་རི་མོའི་སྐོར། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ནས་བོད་ཀྱི་སྣོད་བཅུད་ལ་གཏོར་སྐྱོན་དང་འབྲེལ་བའི་དཔྱད་རྩོམ་སོགས་ཀྱི་ཐོག་ཉམས་ཞིབ་པ་སོ་སོས་གཏམ་བཤད་གནང་གི་ཡོད་པ་རེད།

ཉམས་ཞིབ་པ་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ནི་དེ་སྔོན་ ༢༠༡༦ ལོར་ནོར་ཝེ་རུ་སྐོང་ཚོགས་གནང་བའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་དུ་ཆེད་བཅར་གྱིས་སིངྒ་ལའི་ཡུལ་ལས་རྙེད་པའི་རླབས་ཆེན་གྱི་བོད་མི་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་འདུག་པ་དང་། ད་རེས་ཚོགས་འདུའི་ཐོག་ཁོང་གིས། ༸རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་དང་། ཨ་རིའི་སྲིད་འཛིན་སྐུ་ཞབས་Herbert Hoover ལགས་གཙོས་པའི་ཕྱི་སྲིད་དྲུང་ཆེ་སོགས་དང་འབྲེལ་བ་གནང་ཕྱོགས་སྐོར་གཏམ་བཤད་གནང་གི་ཡོད་པ་རེད། “དུས་རབས་ཉི་ཤུ་པའི་ལོ་རབས་སུམ་བཅུའི་ནང་རྒྱལ་མཆོག་༸སྐུ་ཕྲེང་ ༡༣ པ་ཐུབ་བསྟན་རྒྱ་མཚོ་དང་ཨ་མི་རི་ཀའི་གཞུང་གཉིས་དབར་ཡིག་གེ་ལམ་ནས་འབྲེལ་བ་བྱུང་ཡོད་པ་མ་ཟད། རྒྱལ་མཆོག་༸སྐུ་ཕྲེང་ ༡༣ པས་སྐབས་དེའི་ཨ་རིའི་སྲིད་འཛིན་སྐུ་ཞབས་Herbert Hoover ལགས་གཙོས་པའི་ཨ་རི་གཞུང་ལ་ཡིག་གེ་ཐེངས་ ༡༣ བཏང་ཡོད་པ་དང་། ཨ་རི་གཞུང་གིས་ཡིག་ལན་ཐེངས་ ༥ ཙམ་འབྱོར་ཡོད། གཙོ་བོ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཤིག་ཏུ་གནས་རྒྱུ་དང་བོད་ཀྱི་དཔལ་འབྱོར་སྟོབས་ཤུགས་གོང་འཕེལ་ཡོང་རྒྱུ་སོགས་ལ་དམིགས་ཏེ་ཨ་རིར་འབྲེལ་བ་གནང་ཡོད།”

TPiE-Dharamshala-Conference.jpg

ཡང་འབུམ་རམས་པ་བདེ་སྐྱིད་ཆོས་སྒྲོན་ལགས་ཀྱིས་རྒྱ་གར་གྱི་ཚགས་ཤོག་འདྲ་མིན་སྟེང་བཙན་བྱོལ་བོད་མིའི་དངོས་ཡོད་གནས་སྟངས་སྐོར་དཔྱད་རྩོམ་ཐེངས་འགའ་ཤས་སྤེལ་མྱོང་ཡོད་འདུག དཔེར་ན། ཕྱི་ལོ་ ༢༠༡༨ ལོར་ཁོང་མོས། རྒྱ་གར་ནང་གི་ས་གདན་ཚོང་ལས་གཉེར་ཁང་བོད་མི་ཚོའི་གནས་སྟངས་དང་གདོང་ལེན་ཞེས་པའི་བརྗོད་གཞིའི་ཐོག་དཔྱད་རྩོམ་སྤེལ་འདུག་ཅིང་། ཐེངས་འདིའི་ཚོགས་འདུའི་ཐོག བོད་མིའི་ཁྲིམས་མཐུན་གྱི་ངོ་བོར་འགྱུར་ལྡོག་དང་རྒྱ་གར་གྱི་མི་སེར་ཐོབ་ཐང་ལ་ལྟ་ཚུལ་ཞེས་པའི་བརྗོད་གཞིའི་གཏམ་བཤད་གནང་གི་ཡོད་པ་རེད། “ངའི་དཔྱད་རྩོམ་འདི་ནི་རྒྱ་གར་གྱི་མི་སེར་ལེན་མཁན་བཙན་བྱོལ་བོད་མི་ ༤༠ ཙམ་ལ་བཅར་འདྲི་དང་གོ་བསྡུར་བྱས་ནང་དོན་གཙོ་བོ་གཞིར་བཞག་གིས་བྲིས་པ་ཡིན། མང་ཆེ་བས་རྒྱ་གར་གྱི་མི་སེར་ལེན་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། སོ་སོའི་མི་ཚེའི་འཚོ་བའི་གནས་སྟངས་དང་འབྲེལ་བའི་དཀའ་ངལ་རྣམས་སེལ་རྒྱུའི་ཆེད་དུ་ཡིན་པ་གསལ་སྟོན་བྱེད་ཀྱི་འདུག སྤྱིར་བཏང་བོད་མི་ཚོར་དྲི་བ་དྲིས་པའི་སྐབས་རྒྱ་གར་གྱི་མི་སེར་ཡིན་ཞེས་བརྗོད་རྒྱུ་ཁག་པོ་འདུག་ལ། འཚེར་སྣང་ཡང་བྱེད་ཀྱི་འདུག”

ཡང་Computer Scienceའཕྲུལ་རིག་ཐོག་འབུམ་རམས་པའི་སློབ་གཉེར་བ་ཀརྨ་རྒྱ་མཚོ་ལགས་ཀྱིས། ཐེངས་འདིའི་ཚོགས་འདུའི་ཐོག་གསུང་མྱུལ་ལྟ་ཞིབ་དང་བཅོས་མའི་ཤེས་པ་(AI)བརྒྱུད་ནས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་སྡུག་སྤྱོད་གསུམ་ལ་དམ་དྲག་སོགས་ཀྱི་ཐོག་གཏམ་བཤད་གནང་གི་ཡོད་ཅིང་། འབྱུང་འགྱུར་རྒྱ་ནག་གཞུང་གིས། བཅོས་མའི་ཤེས་པ་བེད་སྤྱོད་བྱས་ནས། བོད་མི་སྒེར་ཙམ་མིན་པར་མི་རབས་ལ་དཀའ་ངལ་བཟོ་རྒྱུའི་ཉེན་ཁ་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་ཉམས་ཞིབ་པའི་ཚོགས་འདུ་དེ་བཞིན་འདི་ཚེས་ ༢༤ བར་ཉིན་གྲངས་གསུམ་རིང་ཚོགས་ཀྱི་ཡོད་པ་དང་།  དབུ་འབྱེད་མཛོད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས། གཏན་བཤད་གནང་བའི་སྐབས། བོད་མིའི་སྤྱི་ཚོགས་ཁྲོད་ཉམས་ཞིབ་པ་གང་མང་དགོས་གལ་ཆེ་ལ། ཉམས་ཞིབ་ཀྱི་སྤུས་ཚད་ཀྱང་གོང་མཐོར་གཏོང་དགོས་གལ་ཆེ་ཞེས་གསུངས་བ་དང་སྦྲགས། ཉམས་ཞིབ་པ་ཞིག་ཡིན་ན། རང་དམའ་སར་བཞག་དགོས་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་ཅེས་གསུངས་གནང་སོང་།

གཞན་ཡང་དེ་དང་ཕྱོགས་མཚུངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་ལོ་ལྟར་རྒྱ་གར་ན་གཞོན་ཉམས་ཞིབ་པའི་ཚོགས་འདུག་ཅེས་པ་ཞིག་སྐོང་སྟེ། རྒྱ་གར་ན་གཞོན་ཉམས་ཞིབ་པ་ཚོས་བོད་དང་ཧི་མ་ལ་ཡའི་རི་རྒྱུད་དང་འབྲེལ་དཔྱད་རྩོམ་ཐོག་གཏམ་བཤད་གནང་གི་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎