ཆོས་བརྒྱུད་བར་ཞི་མཐུན་མཉམ་གནས་ཀྱི་བགྲོ་གླེང་ལྷན་ཚོགས།
2015.01.16
ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གྱི་དོན་དུ་དབུས་བོད་མིའི་སྒྲིག་འཛུཊ་ཀྱིས་ཆོས་བརྒྱུད་ཚང་འཛོམས་ཀྱི་བགྲོ་གླེང་ལྷན་ཚོགས་གནང་རྒྱུ་ཡིན་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་གོ་བསྒྲིགས་འོག་རིང་མིན་ཕྱི་ཟླ་༣པའི་ཚེས་༡ནས་༣་བར་ཉིན་གསུམ་རིང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་དབར་བགྲོ་གླེང་ཞེས་པའི་བརྗོད་གཞིའི་འོག་ལྷན་ཚོགས་གནང་རྒྱུ་ཡིན་པ་དང་། ཆོས་བརྒྱུད་དབར་གྱི་བགྲོ་གླེང་དེ་བཞིན་བཞུགས་སྒར་རུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཚོགས་རྒྱུ་ཡིན་ཞིང་། བགྲོ་གླེང་དེའི་ཐོག་དགེ་བཙུན་ཞལ་གྲངས་༥༠ནས་༡༠༠ཡོད་པའི་དགོན་པ་གྲ་ཚང་ནས་མཉམ་བཞུགས་གནང་མཁན་སྐུ་ཚབ་རེ་རེ་དང་། དགེ་བཙུན་ཞལ་གྲངས་༡༠༡ནས་༥༠༠ཡོད་པའི་དགོན་པ་གྲ་ཚང་ནས་སྐུ་ཚབ་གཉིས་རེ། དགེ་བཙུན་ཞལ་གྲངས་༥༠༡ནས་༡༠༠༠བར་ཡོད་པའི་དགོན་པ་གྲ་ཚང་ནས་སྐུ་ཚབ་གསུམ་རེ། དེ་བཞིན་དགེ་བཙུན་ཞལ་གྲངས་༡༠༠༠ལས་ལྷག་པ་ཡོད་པའི་དགོན་པ་གྲ་ཚང་ནས་སྐུ་ཚབ་བཞི་རེ་བཅས་མཉམ་བཞུགས་གནང་ཆོག་པ་གསལ་འདུག བོད་ཀྱི་ཆོས་བརྒྱུད་ཆེ་ཁག་དབར་ལོ་རེའི་བགྲོ་གླེང་གི་ལྷན་ཚོགས་འདིའི་དམིགས་ཡུལ་དེ་བཞིན་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་མི་ཉམས་རྒྱུན་འཛིན་དང་གོང་འཕེལ་མདུན་བསྐྱོད་ཆེད་དུ་ཙམ་མ་ཟད། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་དབར་ཞི་མཐུན་མཉམ་གནས་དང་མཐུན་སྒྲིལ་སྐོར་ནན་བརྗོད་གནང་རྒྱུ་ཡིན་པ་གསལ་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།