རྒྱ་ནག་དང་སྦར་མས་བོད་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་ཚུལ་བརྗོད་པར་བོད་མིའི་སྒྲིག་འཛུགས་ཀྱིས་དགག་ལན།


2020.01.20
ཞི་ཅིན་ཕིང་དང་སྦར་མའི་འགོ་ཁྲིད་ཨང་སན་སུ་ཀྱི་གཉིས་ཀྱི་དབར་བརྒྱུད་གཅིག་ལམ་ས་མཐུན་ཡིག་ཆར་མཚན་རྟགས་བཀོད་པའི་སྐབས། ཞི་ཅིན་ཕིང་དང་སྦར་མའི་འགོ་ཁྲིད་ཨང་སན་སུ་ཀྱི་གཉིས་ཀྱི་དབར་བརྒྱུད་གཅིག་ལམ་ས་མཐུན་ཡིག་ཆར་མཚན་རྟགས་བཀོད་པའི་སྐབས།
AP

ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༨ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་སྦར་མའི་འགོ་ཁྲིད་ཨང་སན་སུ་ཀྱི་གཉིས་ཀྱི་དབར་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་འབྲེལ་བའི་གཉིས་མོས་གྲོས་མཐུན་ཡིག་ཆར་མཚན་རྟགས་བཀོད་པའི་སྐབས།  བོད་དང་ཤིན་ཅང་། ཐེ་ཝན་བཅས་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་ངོས་འཛིན་བྱས་ཡོད་ཀྱང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ལོ་རྒྱུས་ལ་གཞིགས་པ་ཡིན་ཚེ། བོད་དང་ཤིན་ཅང་ནི་རྒྱ་ནག་གི་མངའ་ཁོངས་སུ་རྩ་བ་ནས་མིན་པ་དང་།  སྦར་མའི་རྒྱལ་ཁབ་ཀྱིས་སོ་སོའི་ཁེ་ཕན་ཁོ་ནར་དམིགས་ཏེ་རྒྱ་ནག་གཞུང་གིས་བཤད་པ་ལྟར་ཁས་ལེན་ཤར་བསྐྱོད་བྱས་པ་དེར་བློ་ཕམ་ཡོད་ཅེས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

རྒྱ་ནག་གིས་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་བརྒྱུད་འཛམ་གླིང་ཡོངས་ལ་དབང་བསྒྱུར་བྱེད་རྒྱུའི་དམིགས་ཡུལ་ངན་པ་ཞིག་འཛིན་བཞིན་ཡོད་པ་དང་།  རྒྱ་ནག་གི་དམིགས་ཡུལ་དང་འདོད་ཕྱོགས་གཅིག་འགྱུར་བཟུང་སྟེ་བསྐྱོད་མཁན་གྱི་རྒྱལ་ཁབ་དེ་དག་ནམ་ཞིག་རྒྱ་ནག་གི་ངན་བྱུས་འོག་ལ་ཚུད་རྒྱུའི་ཉེན་ཁ་ཡོད་པར་བརྟེན།  ད་ལྟ་ནས་རྒྱ་ནག་གཞུང་གིས་སྲིད་བྱུས་དང་ལས་འགུལ་སྤེལ་ཕྱོགས་ཐད་དྭོགས་ཟོན་བྱ་གལ་ཆེ་བ་ཡིན་པ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མུ་མཐུད་འགྲེལ་བརྗོད་གནང་ཡོད་པ་རེད།

ཡང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། རྒྱ་ནག་གཞུང་གིས་ལོ་རྒྱུས་ཐོག་ནས་བོད་དེ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཟེར་བ་ཡིན་ཚེ། དེ་ནི་རྒྱ་ནག་གཞུང་གིས་ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་ལས།  དངོས་ཡོད་བདེན་པ་ཞིག་རྩ་བ་ནས་མིན་པ་དང་།  ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱིས་རང་བཙན་མ་རྩོད་པར་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་ཀྱི་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

ད་རེས་རྒྱ་ནག་གིས་ཐ་ཝེན་དེ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ལ་བསྐྱར་དུ་ངོས་འཛིན་བྱས་པར་ཐེ་ཝན་གྱི་མགྲིན་ཚབ་པས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་འདུག་ཅིང་།  ད་རེས་རྒྱ་ནག་དང་སྦར་མའི་དབར་གྱི་གཉིས་མོས་གྲོས་མཐུན་ལ་ས་རྟགས་བཀོད་པ་དེས་སྦར་མའི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱས་པ་ཞིག་མཚོན་ཞིང་།  ༡༩༤༩ ལོར་སྦར་མ་རྒྱལ་ཁབ་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་བཟུང་བའི་རྒྱ་ནག་གཞུང་དེ་ངོས་འཛིན་བྱས་པ་ནི།  འཛམ་གླིང་ནང་དམར་ཤོག་མིན་པའི་རྒྱལ་ཁབ་ཅིག་གིས་རྒྱ་ནག་དམར་ཤོག་གཞུང་དེ་ངོས་འཛིན་བྱས་པ་ཐོག་མར་དེ་ཡང་ཆགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎