རྒྱ་ནག་གི་རྒྱ་བསྐྱེད་སྲིད་བྱུས་འགོག་ཐབས་ནི་ཚང་མས་མཉམ་རུབ་ཀྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ནུས་མེད་བཟོ་རྒྱུ་དེ་ཡིན་པ་སྲིད་སྐྱོང་མཆོག་གིས་གསུང་གནང་སོང་།

2021.08.24
རྒྱ་ནག་གི་རྒྱ་བསྐྱེད་སྲིད་བྱུས་འགོག་ཐབས་ནི་ཚང་མས་མཉམ་རུབ་ཀྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ནུས་མེད་བཟོ་རྒྱུ་དེ་ཡིན་པ་སྲིད་སྐྱོང་མཆོག་གིས་གསུང་གནང་སོང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག
Photo: RFA

འདི་ཚེས་༢༣ ཉིན་འཚེ་མེད་བདམས་ཀ་ཐེབས་རྩ་ཁང་(Foundation for Non-Violent Alternatives)ཞེས་པའི་ཚོགས་པས་གོ་སྒྲིག་འོག་ཁྱད་ལས་མི་སྣ་གདན་ཞུས་ཀྱིས་དྲ་ཐོག་བགྲོ་གླེང་ཞིག་གནང་ཞིང་། རྒྱ་ནག་གཞུང་གིས་བོད་དང་། ལྷོ་སོག་པོ། ཤིང་ཅང་བཅས་ཀྱི་ནང་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་ཇི་ལྟར་སྤེལ་བཞིན་པ་ཞེས་པའི་བརྗོད་གཞི་ཅན་གྱི་ཚོགས་འདུའི་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ས་ཁུལ་བདག་དབང་རྩོད་ལེན་དང་འབྲེལ་བའི་སྐོར་བཤད་ན། རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་དེ་བཞིན་བོད་ཙམ་མ་ཟད། ཤིན་ཅང་དང་། ལྷོ་སོག་པོ་སོགས་ཀྱི་ས་ཁུལ་དུ་ཡང་ལག་བསྟར་བྱེད་མུས་ཡིན་པ་རེད། དེའི་ནང་ནས་ལ་དྭགས་ནི་ད་ཆ་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་སྲིད་བྱུས་སྤེལ་ཐབས་བྱེད་སའི་ཁ་ཡོད་ལག་ཡོད་ཀྱི་དཔེ་མཚོན་ཞིག་ཀྱང་ཡིན་པས། ངོས་ཀྱིས་ད་ལྟའི་ཆར་ལ་དྭགས་ཁུལ་དུ་བོད་མི་ཙམ་མིན་པར། སྤྱི་ཡོངས་ཀྱི་གནས་སྟངས་ཐད་རྒྱུས་ལོན་ཐུབ་ཐབས་བྱེད་ཀྱི་ཡོད་ལ། ངོས་ཀྱི་གོ་སྐབས་འདི་བརྒྱུད་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་དེ་བཀག་འགོག་དགོས་པ་རྒྱལ་སྤྱིའི་མང་ཚོགས་ལ་རེ་སྐུལ་ཞུ་རྒྱུ་ཡིན་ཞིང་། སྲིད་བྱུས་དེ་འགོག་པར་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཐབས་ལམ་ཞིག་ཡོད་པ་དེ་ནི་ཚང་མ་མཉམ་རུབ་ཀྱི་ཐོག་ནས་རྒྱ་ནག་གཅིག་གི་སྲིད་བྱུས་དེ་ནུས་མེད་བཟོ་རྒྱུ་དེ་ཡིན་པ་དང་། བོད་ལྟ་བུར་མཚོན་ན། རྒྱ་ནག་གིས་བོད་ཐོག་འཛིན་པའི་བདག་དབང་དེ་ང་ཚོས་ངོས་ལེན་བྱེད་ཀྱི་མེད། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་སེལ་དགོས་པ་ང་ཚོས་དེ་སྔ་རྒྱ་ནག་ལ་བསམ་འཆར་གྱི་ཡིག་ཆ་ཞིག་ཀྱང་སྤྲད་ཡོད་ཅེས་གསུངས་གནང་སོང་།
གཞན་ཡང་རུ་སོག་དོན་གཅོད་ཏི་ལོ་རིན་པོ་ཆེ་མཆོག་གིས། རྒྱ་ནག་གཞུང་གིས་རྒྱ་བསྐྱེད་རིང་ལུགས་འོག་བོད་དང་ལྷོ་སོག་པོ་ཤིང་ཅང་བཅས་ཚང་མར་དཀའ་སྡུག་མྱོང་བཞིན་པ་གཅིག་གྱུར་རེད། དཔེར་ན་མི་འབོར་ལ་ཆ་བཞག་ན་ལྷོ་སོག་པོའི་ནང་རྒྱ་ཧན་མི་རིགས་བརྒྱ་ཆ་༧༩ དང་སོག་པོའི་མི་རིགས་བརྒྱ་ཆ་༡༧ ལས་མེད་པའི་གནས་སྟངས་དང་འདྲ་བར། བོད་དང་ཤིན་ཅང་ཡང་གཅིག་པ་ཆགས་ཡོད་སྟབས་སོ་སོའི་མི་རིགས་དང་སྐད་ཡིག་གོམས་གཤིས་སོགས་རྩ་མེད་འགྲོ་བའི་ཉེན་ཁ་ཆེན་པོ་ཆགས་ཡོད་པ་རེད་ཅེས་གསུངས་བ་དང་སྦྲགས་། ད་ཆ་རྒྱ་ནག་གཞུང་གིས་ཨབ་གྷ་ནི་སི་ཐན་དུ་ཡོད་པའི་ཏ་ལི་བྷན་མཉམ་དུ་གྲོགས་པོ་སྒྲིག་བཞིན་པ་དེ་ཡང་འགྲོ་བ་མི་ལ་ཉེན་ཁ་ཆེན་པོ་ཞིག་རེད། དྲག་གཅོད་ཀྱི་བརྒྱུད་རིམ་དེའི་སྐབས་ཏ་ལི་བྷན་གྱིས་རྒྱ་ནག་མཉམ་དུ་ཤིན་ཅང་ནང་གི་ཁ་ཆེའི་མི་རིགས་ཀྱི་བདེ་འཇགས་སྐོར་གླེང་ཡོད་མེད་དེ་ཡང་ཐེ་ཚོམ་རེད། གང་ལ་ཞེ་ན། རྒྱ་ནག་གི་དམིགས་ཡུལ་གཙོ་བོ་ནི་ཨབ་གྷ་ནི་སི་ཐན་ནང་གི་རང་བྱུང་གཏེར་ཁ་དེ་རྒྱ་ནག་གི་ཁེ་ཕན་ཆེད་བེད་སྤྱོད་ཆེད་དུ་རེད། དེ་སོང་ཙང་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་དེར་ཚང་མས་མཉམ་རུབ་ཀྱི་ཐོག་ནས་གདོང་ལེན་བྱེད་དགོས་གལ་ཆེན་པོ་རེད་ཅེས་གསུང་གནང་སོང་།
རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་Kanwal Sibalལགས་ཀྱིས་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་སྲིད་བྱུས་ནི་རྒྱ་གར་ལ་ཧ་ཅང་གི་དཀའ་ངལ་ཅན་ཞིག་ཆགས་ཡོད། ཉེ་བའི་ཆར་སྲིད་བྱུས་དེའི་རྐྱེན་གྱིས་རྒྱ་གར་བྱང་ཕྱོགས་ལ་དྭགས་ས་ཁུལ་མཐའ་མཚམས་སྲུང་སྐྱོབ་དང་འབྲེལ་བའི་རྒྱ་གར་ལ་དཀའ་ངལ་དང་གདོང་ལེན་བྱེད་དགོས་པའི་གནད་དོན་མང་པོ་ཞིག་བྱུང་དང་འབྱུང་མུས་ཡིན་པ་གསུངས་ཤིང་། ལྷག་པར་འབྲུག་ལྟ་བུ་རྒྱལ་ཁབ་ཆུང་ཆུང་དེ་འདྲ་ཞིག་གི་ནང་དུ་ཡང་། རྒྱ་ནག་གིས་ས་ཆ་ཧམ་བཟུང་བྱེད་རྒྱུའི་ཐབས་བྱུས་སྣ་ཚོགས་ཤིག་བཏིང་མུས་ཡིན་པ་དང་ཕྱོགས་མཚུངས་བལ་ཡུལ་གྱི་བྱང་ཕྱོགས་ཁུལ་དུ་ཡང་སྔ་ས་ནས་རྒྱ་ནག་གཞུང་གིས་ས་ཆ་ཁག་ཁ་ཤས་བཙན་བཟུང་བྱས་ཟིན་ཡོད་པ་མ་ཟད། རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་ཐབས་བྱུས་གཙོ་བོ་ཞིག་ནི་ས་མཚམས་ས་ཁུལ་ཁག་ཏུ་གྲོང་གསེབ་གསར་རྒྱག་གིས་ས་གནས་མི་མང་དང་རྒྱ་ཧན་མི་རིགས་གནས་སྤོས་བྱེད་རྒྱུ་ཡིན་པ་དེས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་སྟེ་བལ་ཡུལ་དང་རྒྱ་གར། འབྲུག་བཅས་ལ་ཧ་ཅང་གི་ཉེན་ཁ་ཆགས་ཡོད་པ་འགྲེལ་བརྗོད་གནང་སོང་།
རྒྱ་གར་གཞུང་གི་དམིགས་བསལ་དྲུང་ཆེ་ཟུར་པ་དང་། རྒྱ་ནག་གནད་དོན་ཐོག་ཉམས་ཞིབ་པ་ཀི་ཤན་ཝར་མ་ལགས་ཀྱིས་Krishan Varma རྒྱ་གཞུང་གིས་རྒྱ་བསྐྱེད་ཀྱི་སྲིད་བྱུས་དེ་རྒྱུན་ཆད་མེད་པར་སྤེལ་བཞིན་པ་མ་ཟད་ཤུགས་ཆེ་རུ་གཏོང་བཞིན་པ་གསལ་པོ་རེད། ཉེ་བའི་ཆར་༢༠༢༠ ལོར་རྒྱ་གར་བྱང་ཕྱོགས་ལ་དྭགས་ཤར་ཕྱོགས་སུ་རྒྱ་ནག་གིས་དྲག་དམག་དཔུང་ཤུགས་ཀྱི་དཀའ་རྙོག་ཆེ་རུ་གཏོང་བ་དང་། དེ་སྔོན་ལྷོ་རྒྱ་ནག་རྒྱ་མཚོའི་ནང་འཛུལ་ཞུགས་ཀྱིས་རྒྱ་གར་རྒྱ་མཚོ་ལ་དམིགས་ཀྱི་ཡོད་པ་དང་། ཉེ་ཆར་ཨབ་གྷ་ནི་་སི་ཐན་གྱི་དཀའ་རྙོག་དེས་འཛམ་གླིང་ལ་དཀའ་རྙོག་གསར་པ་ཞིག་སྒོ་ཕྱེས་བ་ལྟ་བུའི་ཉེན་ཚབས་ཆགས་ཡོད་པ་གསུང་གནང་སོང་།

གསར་འགོད་པ། ཨོ་རྒྱན་བསྟན་འཛིན།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎