རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བ་གལ་ཆེ་ཞིག་སྐུ་གཤེགས།

རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སྦི་རིཇ་བུ་ས་ཧན་ཊི་ལྦ་རི་སྐུ་ཚེའི་འཕེན་པ་རྫོགས་ཡོད་པར་མྱ་ངན་ཞུས་འདུག

2012.04.25

༄༅༎སྤྱི་ཚོགས་རིང་ལུགས་པ་དང་གལ་ཆེའི་སྲིད་དོན་མི་སྣ་། དུས་རྟག་ཏུ་བོད་པར་རྒྱབ་སྐྱོར་གནང་མཁན་ རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སྦི་རིཇ་བུ་ས་ཧན་ཊི་ལྦ་རི་ད་རང་སྔ་དྲོ་ལྡི་ལིའི་ནང་གི་སྦ་སྦུ་ཇག་ཇི་ལྦན་རམ་སྨན་ཁང་དུ་སྙིང་རྩ་འགག་པའི་བསྙུན་གཞི་ཕོག་ནས་སྐུ་ཚེའི་འཕེན་པ་རྫོགས་ཡོད་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་མྱ་ངན་ཞུས་འདུག།
སྐུ་ཞབས་སྦི་རིཇ་བུ་ཤན་ཏི་ལྦ་རི་དགུང་ལོ་༧༢ལ་ཕེབས་ཡོད་པ་དང༌། ཁོང་མ་གཤེགས་ཉིན་གཅིག་གོང་རེས་གཟའ་མིག་དམར་ཉིན་ཁོང་གིས་གྲོས་ཚོགས་འཐུས་མི་དམ་བཅའ་བཞེས་གནང་འདུག། ཁོང་ས་མའཇ་ལྦ་རྡི་ཆབ་སྲིད་ཚོགས་པའི་འཐུས་མི་ཡིན་པ་དང༌།ད་བར་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མིར་ཐེངས་ལྔ་འོས་འདེམས་བྱུང་ཡོད་ཅིང༌། ༡༩༧༧ལོར་ཁོང་ཐེངས་དང་པོ་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མིར་འོས་འདེམས་བྱུང་རྗེས། ༢༠༠༦ནས་བཟུང་གྲོས་ཚོགས་གོང་མའི་འཐུས་མིར་ཐེངས་གཉིས་འདེམས་ཐོན་བྱུང་ཡོད་པ་རེད།
སྦི་རིཇ་བུ་ཤན་དམ་པ་དེ་ཉིད་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཡོངས་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་པ་མ་ཟད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་INPAT གི་ཚོགས་མི་ཡང་ཡིན་པ་རེད།  དེ་སྔོན་བོད་དོན་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་ཚོགས་ཆེན་ཐེངས་༣དང་༥གཉིས་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དང་ རཱོམ་གཉིས་ནང་ཚུགས་པའི་སྐབས་ཁོང་མཉམ་ཞུགས་གནང་ཡོད་པ་དང༌། ད་རེས་ཁེ་ན་ཌའི་རྒྱལ་ས་ཨོ་ཀྲ་ལྦ་ནང་ཚུགས་གནང་རྒྱུའི་བོད་དོན་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་ཚོགས་ཆེན་སར་ཕེབས་བཞུགས་གནང་རྒྱུའི་འཆར་གཞི་ཡོད་ནའང༌། ཁོང་གི་སྐུ་ཚེར་གློ་བུར་འགལ་རྐྱེན་བར་ཆད་བྱུང་བའི་ཡིད་སྐྱོའི་གནས་ཚུལ་དེ་བྱུང་འདུག།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཡུན་རིང་བོད་པའི་གྲོགས་པོ་གལ་ཆེ་ཞིག་གི་སྐུ་ཚེ་མ་ཟིན་པ་དེར་མྱ་ངན་གནང་ཡོད་པ་དང༌། བོད་མི་མང་སྤྱི་འཐུས་ ཨ་ཅར་ཡ་ ཡེ་ཤེས་ཕུན་ཚོགས་ལགས་དང༌། རྒྱ་གར་བོད་ཀྱི་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་བསྟན་འཛིན་ནོར་བུ་ལགས་དང༌། ལྡི་ལིའི་བོད་མིའི་བསམ་ཡས་གླིང་གཞིས་སྒར་གྱི་སྐུ་ཚབ་ཚོས་སྦ་སྦུ་ཇག་ཇི་ལྦན་རཱམ་སྨན་ཁང་དང་། ས་མཇ་ལྦ་རྡི་ཚོགས་པའི་ལས་ཁུངས་ཨ་མ་བཅས་ལ་ངོ་བཅར་ཞུས་ནས་བོད་མི་མང་གི་ཚབ་ཞུས་ཏེ་དམ་པ་འདི་་ཉིད་ཀྱི་རྗེས་ཤུལ་ནང་མི་སྐུ་འཁོར་ཚོར་ཐུགས་གསོ་དང་དམ་པ་འདི་ཉིད་ལ་མྱ་ངན་གུས་བཏུད་ཞུས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎