བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཁག་གི་ཚོགས་ཆེན་སྟེང་། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་མ་འོངས་པར་ལས་གཞི་ཁག་ཅིག་དུས་ཚོད་ངེས་ཅན་ནང་ཚར་ཐུབ་པ་བཟོ་དགོས་སྐོར་གསུངས་པ།

ཤར་ནུབ་ཡུལ་གྲུ་ཁག་འདྲ་མིན་ནས་བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་གནང་མཁན། སྦྱོང་བརྡར་ཁག་སྣ་མང་སོགས་ལ་སྦྱིན་བདག་བྱེད་མཁན་གྱི་རོགས་ཚོགས་ཁག་༢༠ལྷག་གི་ཚོགས་བཅར་༣༠བཞུགས་སྒར་དུ་ཆེད་ཕེབས་ཀྱིས། ཉིན་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཁག་གི་ཚོགས་ཆེན་དེ་སྤྱི་ཟླ་༨པའི་ཚེས་༣༡ནས་སྤྱི་ཟླ་༩པའི་ཚེས་༡བར་བཞུགས་སྒར་གངས་སྐྱིད་དུ་འཚོག་བཞིན་པ་དང་འབྲེལ་ཏེ། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་“ཕུགས་རྒྱང་རིང་པོའི་ཐོག་ནས་གཞུང་ཚོས་ལོ་ག་ཚོད་བར་རོགས་པ་བྱེད་དགོས་པའི་སྐད་ཆ་དེ་ཡོང་གི་ཡོད་པ་བཞིན། ཨ་མི་རི་ཀ་གཞུང་གིས་རོགས་སྐྱོར་ལས་གཞི་དེ་རང་ལ་བོད་མིའི་རང་ཁ་རང་གསོའི་ལས་གཞི་ཞེས་བཏགས་ཡོད་པ་དང་། མ་འོངས་པར་ང་ཚོར་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་སྟེང་གཏན་འཇགས་ཀྱི་རོགས་པ་དགོས་ནའང་། ལས་གཞི་ཁག་ཅིག་ལ་དུས་ཚོད་ངེས་ཅན་ཞིག་བཟོས་ནས་དེའི་ནང་ཚར་ཐུབ་པ་བཟོ་དགོས་པ་མ་གཏོགས། རོགས་སྐྱོར་མཚམས་མ་ཆད་པ་དང་ང་ཚོའི་དགོས་མཁོའང་རྫོགས་རྒྱུ་མེད་པའི་གནས་སྟངས་འོག་བསྡད་ན་ཁོངས་འཁྱོལ་རྒྱུ་མེད་པ་”གསལ་སྟོན་གནང་གི་འདུག
ཚོགས་ཆེན་འདི་ལ་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཁག་ཅིག་བཅར་ཐུབ་མེད་ནའང་། ནམ་རྒྱུན་སྦྱིན་བདག་ཡུན་རིང་གནང་མཁན་གྱི་ཨ་མི་རི་ཀའི་ཐེབས་རྩ་སོགས་གཙོས་པའི་ཧྥ་རན་སི་དང་འཇར་མན། སིད་སི་དང་ཨི་ཊ་ལི། རྒྱ་གར་དང་ཉི་ཧོང་ལ་སོགས་པའི་རོགས་ཚོགས་ཁག་གི་སྐུ་ཚབ་ཕལ་ཆེ་བ་དངོས་སུ་བཅར་ཡོད་པས། ཉི་ཧོང་གི་OISCA་Internationalརྒྱལ་སྤྱིའི་ཚོགས་པའི་ཚོགས་གཙོ་གཞོན་པ།NAGAISHI་Yasuakiལགས་ནས།ཁོ་ཚོས་བོད་མི་མང་པོར་ཡར་ཐོན་གྱི་འཕྲུལ་ལས་དང་སྐྱེ་ལྡན་གྱི་ཞིང་ལས་ཐོག་སྦྱོར་བརྡར་ཕུལ་བ་བཞིན། སྔར་མུས་བཞིན་བོད་མི་གཞོན་སྐྱེས་མང་པོ་སྦྱོང་བརྡར་དུ་ཞུགས་རྒྱུའི་སྐུལ་འདེད་གནང་ངེས་ཡིན་པ་འགྲེལ་བརྗོད་གནང་གི་འདུག ང་ཚོ་སྤྱི་ལོ་༡༩༦༧ལོ་ནས་བཟུང་བཙན་བྱོལ་སྤྱི་ཚོགས་དང་འབྲེལ་བ་གཏིང་ཟབ་བྱུང་སྟེ། ད་བར་བོད་མི་༥༤ལ་ཉི་ཧོང་དུ་དམིགས་བསལ་ཞིང་ལས་རིག་པ་དང་སྐྱེ་ལྡན་ཞིང་ལས་ཀྱི་སྐོར་སློབ་སྦྱོང་སྤྲད་དེ། བཙན་བྱོལ་སྤྱི་ཚོགས་ལ་ཤེས་ཡོན་སྤེལ་རེས་དང་འཕྲུལ་ལས་ཀྱི་འགྱུར་བའི་ཐོག་ཞབས་འདེགས་བསྒྲུབས་ཡོད་པ་དང་། འབྱུང་འགྱུར་ང་ཚོས་བོད་མི་གཞོན་སྐྱེས་ཚོར་ཚོང་ལས་དང་ཡར་ཐོན་གྱི་འཕྲུལ་ལས། སྐྱེ་ལྡན་ཞིང་ལས་ཀྱི་སྦྱོང་བརྡར་སྤྲད་ནས་ཟ་མ་དང་ཞིང་ལས་བདེ་འཇགས་ཡོང་ཐབས་སུ་སྐུལ་མ་གཏོང་རྒྱུའི་འཆར་གཞི་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ཅིང་།
ཡང་སུད་སི་རྒྱལ་ཁབ་ཀྱི་ནོར་བཟང་ཐེབས་རྩ་ནས་ཡིན་པ་Anna་Huggenbergལགས་ནས། ཁོ་ཚོས་སྔར་མུས་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དང་ཤེས་ཡོན་ལས་འཆར་ཁག་ཅིག་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག ང་ཚོས་རོགས་སྐྱོར་ཕལ་ཆེ་བ་རྒྱ་གར་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་ལས་གཞིའི་སྟེང་བྱེད་བཞིན་པ་དང་མཚུངས། བོད་ནང་དུའང་རོགས་སྐྱོར་ལས་གཞི་ཁག་ཅིག་སྤེལ་བཞིན་པ་དང་། བོད་མིའི་སྒྲིག་འཛུགས་མཉམ་དུ་རོགས་སྐྱོར་ལས་གཞི་སྤེལ་རྒྱུ་ནི་ཧ་ཅང་ཡག་པོ་དང་དཀའ་རྙོག་ཆུང་བར་འདུག་པས། བོད་ནང་རོགས་སྐྱོར་ལས་གཞི་སྟབས་བདེ་རུ་མ་སོང་བར་དུ། འབྱུང་འགྱུར་མུ་མཐུད་བཙན་བྱོལ་བོད་མི་ཚོར་རོགས་སྐྱོར་བྱ་འདོད་ཡོད་ཅེས་འགྲེལ་བརྗོད་གནང་སོང་ལ། གཞན་ཡང་OISCAཚོགས་པའི་རྒྱ་གར་བྱང་ཕྱོགས་ཀྱི་ཚོགས་གཞོན་Dr་Meenu་Kumarལགས་ནས། ཁོ་ཚོས་བཙན་བྱོལ་བོད་མི་ཕྲུ་གུ་ལོ་ཆུང་ཚོར་རོགས་པ་དང་མུ་མཐུད་སྒྱུ་རྩལ་སྐོར་ལ་སློབ་གཉེར་བ་ཚོར་རོགས་པ་བྱ་འཆར་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་
སྔར་མུས་བཞིན་འབྱུང་འགྱུར་ཀྱང་ང་ཚོས་བཙན་བྱོལ་བོད་མི་ཕྲུ་གུ་ལོ་ཆུང་དང་གཞོན་སྐྱེས་ཚོར་རོགས་སྐྱོར་གྱིས། ཁྱད་ལས་འདྲ་མིན་འཐོན་པར་ཉི་ཧོང་དུ་བཏང་སྟེ་སློབ་སྦྱོང་གིས་རོགས་སྐྱོར་བྱ་འདོད་ཡོད་པས། དམིགས་བསལ་རི་མོ་སྒྱུ་རྩལ་གྱི་ཐོག་འཇོན་ནུས་ཡོད་པ་ཚོར་རོགས་སྐྱོར་དང་སྡིངས་ཆ་ཕུལ་འདོད་ཡོད་པ་འགྲེལ་བརྗོད་གནང་སོང་། བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཁག་གི་ཚོགས་ཆེན་ཐོག་མ་སྤྱི་ལོ་༢༠༠༥ལོར་འཚོགས་ཡོད་པ་དང་། ད་ལན་གྱི་འདི་ནི་ཚོགས་ཆེན་གཉིས་པ་དང་དེ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཁག་ལྷན་ཞུགས་གནང་གི་ཡོད་པ་མ་ཟད།རོགས་ཚོགས་ཁག་གི་རྒྱབ་སྐྱོར་མུ་མཐུད་དུ་གནས་ཐབས་དང་། རོགས་ཚོགས་ཁག་སོ་སོའི་དགོས་པ་དང་དམིགས་ཡུལ། རོགས་སྐྱོར་གྱི་ཆོད་སེམས་རྒྱུས་ལོན་དང་། བོད་མིའི་སྒྲིག་འཛུགས་ཀྱི་དགོས་མཁོ་ལ་གཞིགས་པའི་འགྱུར་བ་བཏང་མིན་སོགས་ཀྱི་སྐོར་གོ་བསྡུར་གནང་གི་ཡོད་ཅིང་། སྤྱི་ཟླ་༩པའི་ཚེས་༢ཉིན་ཚོགས་བཅར་བ་ཚོར་༧གོང་ས་མཆོག་གིས་མཇལ་ཁ་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།