དགག་ལན་དང་བོད་ཀྱི་གནད་དོན་སེལ་རྒྱུའི་འབོད་སྐུལ།
2014.11.06
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡི་གཏམ་བཤད་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དགག་ལན་རྒྱབ་འདུག
དེ་ཡང་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིན་ཇོན་ཀོའོ་ཡིས། ཕྱི་ཟླ་བཅུ་གཅིག་པའི་ཚེས་༣ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་རྒྱབ་སྐྱོར་ཞུ་མཁན་གྱི་བོད་ནང་གི་ལས་བྱེད་པ་ཚོར། ཁྲིམས་ལུགས་དང་སྒྲིག་གཞི་བཞིན་ཉེས་ཆད་ནན་པོ་གཅོད་རྒྱུའི་གཏམ་བཤད་སྤེལ་བར། དེ་རིང་ཕྱི་ཚེས་༦ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་ནས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིན་ཇོན་ཀོའོ་ཡི་གཏམ་བཤད་ལ་ཁ་རྡུང་བཏང་འདུག གསལ་བསྒྲགས་ནང་། ད་དུང་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ལ་དམིགས་པའི་བྱ་ཐབས་མཐའ་དག་ལ་ངོ་རྒོལ་གནང་རྒྱུའི་ཁར་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་བཞིན་ཞི་བའི་གྲོས་མོལ་གྱི་ཐབས་ལམ་ཐོག་ནས་ཐག་གཅོད་བྱ་དགོས་བའི་འབོད་སྐུལ་གནང་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དུས་ཡུན་རིང་པོའི་རིང་ལམ་དབུ་མའི་ཐབས་ལམ་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་བཞིན་པ་དང་། ཐབས་ལམ་དེ་ནི་བོད་རྒྱ་གཉིས་ཕན་གྱི་སྲིད་ཇུས་ཤིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་མ་ཟད། དབུ་མའི་ལམ་གྱི་ཐབས་ལམ་དེ་བརྒྱུད་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁྱབ་ཀྱི་ཁྲིམས་ལུགས་སྒྲོམ་གཞིའི་འོག་བོད་ནང་མིང་དོན་མཚུངས་པའི་རང་སྐྱོང་ཀྱི་ཐོབ་ཐང་ཞིག་བསྐྲུན་ཐབས་གནང་གི་ཡོད་པ་དང་། དེའི་སྐོར་གྱི་ཞིབ་ཕྲའི་ནང་དོན་རྣམས་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་ཕྱོགས་གཉིས་ཀྱི་སྐུ་ཚབ་དབར་ཐུག་འཕྲད་གནང་བའི་སྐབས་རྒྱ་ནག་གི་སྐུ་ཚབ་ལ་ཕུལ་ཟིན་པའི་སྐོར་འཁོད་འདུག ཕྱོགས་མཚུངས་ཕྱི་ཚེས་༣ཉིན་གཙོ་བོ་ལྐོག་ཟ་རུས་སུངས་ཀྱི་གནད་དོན་སྐོར་གྱི་ལྷན་ཚོགས་ཐོག་བོད་ནང་གི་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་གྱི་ལས་དོན་སྣེ་ཁྲིད་མཁན་སུང་ཡི་ཏུང་གིས་ལྷན་ཚོགས་ཐོག་དོན་ཚན་བཞི་བཏོན་ནས་དེའི་ནང་དཔོན་རིགས་ཁག་ཅིག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མེད་ལུགས་བཤད་ནས་བོད་ནང་གི་ལས་བྱེད་ཚོས་༧གོང་ས་མཆོག་ལ་དད་གུས་ཞུ་བ་སོགས་ཀྱི་རྣམ་འགྱུར་སྟོན་ཚེ་ཉེན་ཚབས་ཀྱི་གནས་སུ་གྱར་རྒྱུ་ཡིན་པ་སོགས་བཤད་འདུག
གསར་འགོད་པ་འཆི་མེད།