ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ནས་ཚོང་ལས་ཁང་Thermo Fisher Scientificལ་དོགས་འདྲི་བྱས་པར། བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་པ།

2022.12.16
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ནས་ཚོང་ལས་ཁང་Thermo Fisher Scientificལ་དོགས་འདྲི་བྱས་པར། བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་པ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཕྱག་བྲིས། ༢༠༢༢།༡༢།༡༥ ཉིན།
སྒྲིག་བཟོ།

བར་ལམ་ནས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་བདུན་དང་། ཡུ་གུར་མི་རིགས་བཅས་ལ་དམིགས་ཡུལ་གསལ་བོ་ཅི་ཡིན་གྱི་གསལ་བཤད་མེད་པར། བོད་མི་དང་ཡུ་གུར་མི་རིགས་ཚོར་རིགས་རྫས་བརྟག་དཔྱད་གང་བྱུང་དུ་བྱེད་བཞིན་པ་མ་ཟད། བོད་མི་དང་ཡུ་གུར་མི་རིགས་ཀྱི་གྲངས་འབོར་ཚོད་འཛིན་དང་སྤྱི་ཚོགས་ལ་ལྟ་ཞིབ་ཀྱི་སྲིད་ཇུས་འདྲ་མིན་ལག་བསྟར་བྱེད་བཞིན་པར་བརྟེན། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་Senator Jeffrey Merkleyདང་Representative James McGovernསོགས་ཀྱིས། རྒྱ་ནག་ནག་གཞུང་གི་སྤྱི་བདེ་ལས་ཁུངས་སོགས་ལ་རིགས་རྫས་བརྟག་དཔྱད་ཀྱི་ཡོ་ཆས་མཁོ་ཚོང་བྱེད་མཁན། ཨ་རིའི་ནང་གི་Thermo Fisher Scientificབཟོ་ཚོང་ཁང་དེར། སྤྱི་ཟླ་༡༢པའི་ཚེས་༡༥ཉིན་མོར་བཟོ་ཚོང་ཁང་གིས་རྒྱ་ནག་ལ་ཡོ་ཆས་མཁོ་ཚོང་གི་བརྒྱུད་རིམ་དང་བེད་སྤྱོད་ཅིའི་ཕྱིར་གཏོང་གི་ཡོད་པ། ཡོ་ཆས་དེ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཆེད་བེད་སྤྱོད་བཏང་ན། བཟོ་ཚོང་ཁང་གིས་བྱ་སྤྱོད་ག་རེ་སྤེལ་རྩིས་ཡོད་པ་སོགས་དྲི་བ་གནད་འགག་ཁ་ཤས་བཀོད་ཡོད་པ་དེར། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་ཛ་དྲག་གནས་སྟངས་དང་རིགས་རྫས་དང་འབྲེལ་བའི་དམ་དྲག་མངོན་གསལ་དོད་པོ་ཡིན་པར། ཨ་མི་རི་ཀའི་ངོས་ནས་དགོངས་པ་ཆེ་བཞེས་ཀྱིས་བཀའ་རྩད་དོ་སྣང་གནང་བར། བོད་མིའི་སྒྲིག་འཛུགས་ཀྱིས་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཅེས། སྤྱི་ཚེས་༡༦ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས་འགྲེལ་བརྗོད་གནང་གི་འདུག

Untitled design.png

ཡང་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཐོག་ནས་གོང་གསལ་བཟོ་ཚོང་ཁང་དེར། བཟོ་ཚོང་ཁང་གིས་ཚོང་བསྒྱུར་གྱི་ཡོ་ཆས་དེ་ཚོ་ཤིན་ཇང་དུ་ཡུ་གུར་མི་རིགས་ཚོའི་རིགས་རྫས་བསྡུ་རུབ་ཀྱིས་མཚོན་ཡུ་གུར་བ་ཚོ་འཛིན་བཟུང་དང་བལྟ་ཞིབ་ཐོག་བེད་སྤྱོད་ཀྱིས། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་ཚུལ་ཐོན་ཡོད་སྟབས། བོད་རང་སྐྱོང་ལྗོངས་སུའང་རིགས་རྫས་བརྟག་དཔྱད་ཀྱི་ཡོ་ཆས་དེ་བེད་སྤྱོད་ཐོག་བསྐྱར་ཞིབ་གཟབ་ནན་བྱ་རེ་ཡོད་པ་དྲི་བ་བཏང་ཡོད་ཅིང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ནས། བཟོ་གྲྭ་དེ་རིགས་ཀྱིས་ཚོང་གི་ཁེ་ཕན་ཁོ་ནའི་ཆེད་རྒྱ་ནག་གཞུང་དང་ངན་པ་ལག་འབྲེལ་གྱིས་འགྲོ་བ་མིའི་ཐོབ་ཐང་ཐད་ཧ་ཅང་ཉེན་ཚབས་ཛ་དྲག་ཅིག་ཆགས་ཡོད་པར་བརྟེན། ཨ་མི་རི་ཀས་བཟོ་གྲྭ་དེར་མ་འོངས་པའི་ཆར་གྲུབ་འབྲས་ཡོད་པའི་གནོན་ཤུགས་སྤྲོད་དགོས་རྒྱུ་ཧ་ཅང་གལ་ཆེན་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་དྲི་བ་བཀོད་པའི་རྒྱབ་ལྗོངས་གསལ་བཤད་ཀྱི་ནང་། ཁེ་ན་ཊའི་གྲོང་ཁྱེར་ཊོ་རོན་ཊོ་ཁུལ་དུ་རྟེན་གཞི་ཆགས་པ་Citizen Labཟེར་བའི་གནས་ཚུལ་བཏོན་པའི་ནང་། སྤྱི་ལོ་༢༠༡༦ནས་སྤྱི་ལོ་༢༠༢༢བར་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དུ། རྒྱ་ནག་གཞུང་གིས་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་རིགས་རྫས་བསྡུ་རུབ་བྱས་ཡོད་པ་མ་ཟད། རིགས་རྫས་གསོག་ཉར་གྱི་བདེ་འཇགས་གསལ་བོ་ཅི་ཡང་མེད་སྟབས། ཨ་མི་རི་ཀའི་ནང་གི་ཡོ་ཆས་དེ་ཚོ་མཁོ་ཚོང་གི་བཟོ་ཚང་ཁང་ཁག་གིས། རྒྱ་ནག་གཞུང་ལ་བརྒྱུད་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་རོགས་འདེགས་བྱེད་ཀྱི་ཡོད་པའི་ཉེན་ཁ་འབྱུང་གི་ཡོད་ཅེས་ཀྱང་འཁོད་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎