ཨ་རིའི་དྲྭ་འབྲེལ་ཉེན་སྲུང་ཁེ་ལས་ཁང་གིས་མ་ལག་ཁ་སྐོང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་དྲྭ་འབྲེལ་མ་ཐུབ་པའི་དཀའ་ངལ་འཕྲད་འདུག

2024.07.19
ཨ་རིའི་དྲྭ་འབྲེལ་ཉེན་སྲུང་ཁེ་ལས་ཁང་གིས་མ་ལག་ཁ་སྐོང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་དྲྭ་འབྲེལ་མ་ཐུབ་པའི་དཀའ་ངལ་འཕྲད་འདུག ཨ་རིའི་ནིའུ་ཡོག་གི་(LaGuardia)་གནམ་ཐང་དུ་དྲྭ་འབྲེལ་མེད་པའི་རྣམ་པ། ༠༧།༡༩།༢༠༢༤
AP

གློག་ལམ་དྲྭ་འབྲེལ་ཉེན་སྲུང་ཁེ་ལས་ཁང་དབྱིན་སྐད་དུ་(CrowdStrike)་ཞེས་པ་དེ་ནས་བྱུང་བའི་རིག་མཛོད་འཕྲུལ་འཁོར་མ་ལག་ཁ་སྐོང་གི་མཉེན་ཆས་གསར་པ་ཞིག་ནས་ཐོན་པའི་གནད་དོན་གྱི་རྐྱེན་འདི་ཚེས་༡༩རེས་གཟའ་པ་སངས་ཉིན་འཛམ་གླིང་ཁྱོན་ཡོངས་ཀྱི་མངའ་ཁུལ་མང་པོའི་ནང་གློག་འཕྲིན་དྲྭ་རྒྱ་ལ་གནོད་སྐྱོན་ཚབས་ཆེ་བྱུང་ནས་དྲྭ་འབྲེལ་མ་ཐུབ་པར། གནམ་ཐང་ཁག་གི་གནམ་གྲུ་དུས་ཐོག་འཕུར་མ་ཐུབ་པ་དང་། འགྲུལ་བསྐྱོད་དུས་ཐོག་མ་ཐུབ་པའི་དཀའ་ངལ་དང་། སྨན་ཁང་ཁག་གི་ནང་བཤག་བཅོས་བྱ་རྒྱུ་སོགས་སྨན་ཁང་གི་ལས་དོན་ལ་འགོག་རྐྱེན་འཕྲད་པ། དཔལ་འབྱོར་ཁེ་གཉེར་ལས་ཁང་ཁག་གི་གློག་འཕྲིན་དྲ་འབྲེལ་མ་ཐུབ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
རྒྱ་ནག་ནང་གི་ཕྱི་རྒྱལ་གྱི་ཚོང་ལས་ཁང་ཁག་དང་། རྒྱས་སྤྲོས་ལྡན་པའི་མགྲོན་ཁང་ཁག་ལ་གོང་ཞུས་གནོད་སྐྱོན་གྱི་དོ་ཕོག་བྱུང་ཡོད་ནའང་། གནམ་ཐང་དང་དངུལ་ཁང་། གཞན་ཡང་ཤིན་ཏུ་ནས་དགོས་གལ་ཆེ་བའི་གཞི་རྩའི་འཛུགས་སྐྲུན་ཁག་ལ་དཀའ་ངལ་འཕྲད་མི་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། གོ་ལ་རྒྱ་ཁྱབ་ནང་གློག་འཕྲིན་དྲྭ་འབྲེལ་ལ་གནོད་སྐྱོན་བྱུང་ཡོད་པ་དང་། བོད་ནང་དེ་འབྲེལ་ཉེན་བརྡ་བཏང་བའི་གནས་ཚུལ་བྱུང་ཡོད་ནའང་། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱལ་ས་ལྷ་ས་དང་ལྷོ་ཁ་ས་ཁུལ་བཅས་ནང་གློག་འཕྲིན་དྲྭ་འབྲེལ་ཆད་པའི་གནོད་སྐྱོན་སོགས་བྱུང་མེད་པ་འབྲེལ་ཡོད་བོད་མི་ཞིག་གིས་གསུངས་བྱུང་།

hongkongap.jpg
ཧོང་ཀོང་གི་གནམ་ཐང་དུ་དྲྭ་འབྲེལ་དཀའ་ངལ་ཡོད་པའི་གསལ་བསྒྲགས། ༠༧།༡༩།༢༠༢༤ པར། AP


ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་རྒྱ་ནག་ནང་དྲྭ་རྒྱ་བེད་སྤྱོད་བྱེད་མཁན་ཚོར་གནོད་སྐྱོན་དེ་བྱུང་ཡོད་མེད་སྐད་ཆ་དྲིས་སྐབས། མཛད་སྤྱོད་པ་ཁག་ཅིག་གིས། ཐེངས་འདིར་གནོན་སྐྱོན་དང་ཤུགས་རྐྱེན་ཐེབས་མཁན་གཙོ་བོ་ནི་(Microsoft)་མཉེན་ཆས་མ་ལག་ཚད་ལྡན་ངོ་མ་བེད་སྤྱོད་གཏོང་མཁན་ཕྱི་རྒྱལ་གྱི་བརྡ་འཕྲིན་ཁེ་ལས་དང་ཚོང་ལས་ཁང་ཁག་ཡིན་པ་ལས་རྒྱ་ནག་དེ་ཙམ་གྱི་ཤུགས་རྐྱེན་ཐེབས་མེད་ཚུལ་བསྟན་འདུག སྤྱིར་རྒྱ་ནག་གཞུང་གིས་ཨ་རིའི་འཕྲུལ་ཆས་དང་མཉེན་ཆས་རིགས་བེད་སྤྱོད་མི་བྱེད་པ་གཙོ་འདོན་བྱེད་བཞིན་པ་དང་། དངོས་ཡོད་གནས་སྟངས་ལ་རྒྱ་ནག་རང་ཉིད་ཀྱི་ཐོན་རྫས་ཀྱིས་ཚད་གཞི་ལོན་གྱི་མེད་པ་དང་། ལས་ཁུངས་མང་པོས་གསང་བའི་སྒོ་ནས་ཕྱི་རྒྱལ་གྱི་གློག་ཀླད་རྩིས་འཁོར་དང་མཉེན་ཆས་མ་ལག་ཁག་བེད་སྤྱོད་བྱེད་བཞིན་ཡོད་པར་བརྟེན་གོང་བརྗོད་གནད་དོན་འདི་དང་འབྲེལ་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་སོགས་སུ་རྒྱ་ནག་གིས་ཨ་རིའི་འཕྲུལ་རིག་ལག་རྩལ་ལ་བརྟེན་དགོས་མིན་གླེང་སློང་བྱས་བ་མཐོང་རྒྱུ་ཡོད་པ་རེད།
ཨ་རིའི་ཁཱ་ལི་ཧྥོར་ནེ་ཡར་རྟེན་གཞི་བྱས་པའི་གློག་ལམ་དྲྭ་འབྲེལ་ཉེན་སྲུང་ཁེ་ལས་ཁང་(CrowdStrike)་གིས་གནད་དོན་དེའི་ཐད་དགོངས་སེལ་ཞུས་བ་དང་མཉམ། གནད་དོན་དེ་ནི་མཉེན་ཆས་མ་ལག་བསྐྱར་གསོ་སྐབས་བྱུང་བ་ཞིག་ཡིན་པ་དང་། ད་ལྟ་ང་ཚོས་དཀའ་ངལ་ངོས་ཟིན་ནས་རྐྱེན་རྩ་བཟོ་བཅོས་བྱས་ཟིན་ནའང་། བཟོ་བཅོས་བསྐྱར་གསོ་ཆ་ཚང་བྱ་རྒྱུར་ཅུང་འགོར་སྲིད་པ་བསྒྲགས་འདུག
འདས་པའི་ལོ་ཤས་ནང་རྒྱ་ནག་གིས་(Microsoft)་རིག་མཛོད་ཁེ་ལས་ཁང་དང་། གློག་ལམ་དྲྭ་འབྲེལ་ཉེན་སྲུང་ཁེ་ལས་ཁང་(CrowdStrike)་ལྟ་བུའི་ཕྱིའི་རྒྱལ་ཁབ་ནས་སྲི་ཞུ་མཁོ་སྤྲོད་བྱེད་མཁན་ཚོའི་ཐོག་གཞི་རྟེན་བྱ་རྒྱུ་ཉུང་དུ་གཏོང་རྒྱུའི་འབད་བརྩོན་གང་ཐུབ་བྱས་ཡོད་པ་དང་ཆབས་ཅིག རྒྱ་ནག་ནང་བེད་སྤྱོད་བྱེད་པའི་རིག་མཛོད་འཕྲུལ་འཁོར་ནང་(Microsoft)་མཉེན་ཆས་རིགས་དང་། ཕྱི་ཕྱོགས་ནས་བཟོས་པའི་སྒྲ་འཛིན་མཉེན་ཆས་རིམ་བཞིན་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུའི་འཆར་གཞི་བཏིང་བཞིན་ཡོད་པ་རེད།
དེ་ཙམ་མ་ཟད་རྒྱ་ནག་གིས་རང་གི་དཔུང་དམག་དང་རྒྱལ་ཁབ་གྱི་གཞུང་གི་ལས་ཁུངས་ཁག་གི་ནང་། ཕྱི་རྒྱལ་གྱི་འཕྲུལ་ཆས་ཁག་རིམ་བཞིན་མེད་པ་བཟོ་རྒྱུའི་འཆར་གཞིའི་ཐོག་འབད་བརྩོན་བྱེད་བཞིན་ཡོད་པ་རེད་ལ། ཨ་མི་རི་ཀ་དང་མཉམ་ཚོང་ལས་དང་འཕྲུལ་རིགས་ཀྱི་འགྲན་རྩོད་ཤུགས་ཆེར་ཡོད་བཞིན་པའི་རྒྱ་ནག་གིས་ཕྱི་རྒྱལ་གྱི་འཕྲུལ་རིགས་ཐོག་གཞི་རྟེན་བྱ་རྒྱུ་ཉུང་དུ་གཏོང་རྒྱུར་རྒྱ་ནག་གིས་རྒྱལ་ནང་དུ་བཟོས་པའི་འཕྲུལ་ཆས་ཀྱི་བྱང་བུ་དང་རིག་མཛོད་འཕྲུལ་འཁོར་ལ་མཁོ་བའི་མ་ལག་ཁག་བཟོ་སྐྲུན་གྱི་ལས་གཞི་གོང་འཕེལ་བཏང་ཡོད་པ་རེད།


གསར་འགོད་པ། རིག་ལྡན་སྒྲོལ་མ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎