ནག་འཇོམས་ངན་སེལ་གྱི་ལས་འགུལ་ཁྲོད་བོད་མི་མང་པོ་བཙོན་འཇུག་བྱས་འདུག
2019.06.28
རྒྱ་ནག་གཞུང་གིས་བོད་ནང་ནག་འཇོམས་ངན་སེལ་ཟེར་བའི་ལས་འགུལ་སྤེལ་བཞིན་པའི་ཁྲོད་དུ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ནང་ཆེན་ཕྱོགས་སུ་བོད་མི་༢༡ ལ་ཁྲིམས་ཐག་བཅད་ཡོད་འདུག
རྒྱ་ནག་གཞུང་གིས་བོད་ནང་ནག་འཇོམས་ངན་སེལ་དང་ཡང་ན་ནག་སེལ་གཤེད་བཅོམ་ཟེར་བའི་ལས་འགུལ་སྤེལ་བཞིན་པའི་ཁྲོད་ནས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་དུ་བོད་མི་ ༢༡་ལ་ཉེས་མིང་འདྲ་མིན་གྱི་འོག་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གིས་ཕྱི་ཟླ་ ༦ ་ཚེས་ ༢༧ ཉིན་གནས་ཚུལ་སྤེལ་བར་གཞིགས་ན། བོད་མི་ ༢༡ པོ་དེ་དག་ཚོགས་ཁག་གཉིས་སུ་དབྱེ་ནས་བཙོན་འཇུག་བྱས་འདུག་ཅིང་། ཕྱི་ཟླ་ ༥ ནང་ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་བོད་མི་ ༡༡ ལ་ལོ་ ༢ ནས་ ༦ བར་གྱི་བཙོན་དུས་ཐག་གཅོད་ཐོག་རྒྱ་མིའི་སྒོར་མོ་ཆིག་ཁྲི་ནས་ལྔ་ཁྲི་བར་གྱི་ཉེས་ཆད་བཏང་འདུག ཁྲིམས་ཁང་ནས་དཔྱད་ཁྲ་སྤེལ་བའི་ཁོང་ཚོའི་ནག་ཉེས་ནི་ནག་ཚོགས་རྩ་འཛུགས་བྱས་ལུགས་དང་། སྡེ་པའི་ལས་དོན་ཁ་བསྒྱུར་གྱིས་གཞི་རིམ་སྤྱི་ཚོགས་དོ་དམ་གྱི་སྒྲིལ་ལམ་གཏོར་བཤིག་བཏང་པ། བྱེ་མ་སྔོག་འདོན་བྱས་པ་དང་ས་ཞིང་ལྐོག་ཚོང་བརྒྱབ་ལུགས། རྒྱལ་ཁབ་ཀྱི་རྩ་ཐང་སྲུང་སྐྱོབ་བྱེད་པར་སྤྲད་པའི་བྱ་དགའི་དངུལ་མ་བླངས་པར་མ་ཟད། སྡེ་པའི་མི་སེར་གཞན་པ་ཚོས་ལེན་པར་བཀག་འགོག་བྱས་སྟབས། སྡེ་པའི་མི་དམངས་དང་ཨུ་ཡོན་ལྷན་ཁང་། ཏང་སྲིད་གཞུང་བཅས་ཀྱི་ལས་ཀའི་སྒྲིག་ལམ་ལ་ཤུགས་རྐྱེན་ངན་པ་བཟོས་རབས་སོགས་བཀོད་ཡོད་པ་རེད།
མི་བཅིུག་པོ་དེ་དག་ནི་ནང་ཆེན་རྫོང་ཤོར་མདའ་གྲོང་རྡལ་རྡོ་ཁྲང་སྡེ་པ་ནས་ཡིན་འདུག་ཅིང་། དེའི་ཁོངས་སུ་རྡོ་ཁྲང་སྡེ་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་ཟུར་པ་དབང་ཆེ་གེ་མོ་ཟེར་བ་ཞིག་ཀྱང་ཡོད་འདུག ཁྲིམས་ཁང་གིས་བོད་མི་འཇུ་བཟུང་བྱས་པའི་མི་དེ་དག་གི་མིང་ཡིག་འབྲུ་དང་པོ་དེ་མ་གཏོགས་བཀོད་མེད་པ་རེད།
ཡང་བོད་མི་བཅུ་བཙོན་འཇུག་བྱས་པའི་མི་དག་དག་ཀྱང་རྡོ་ཁྲང་སྡེ་པ་ནས་ཡིན་འདུག་ཅིང་། དེའི་ཁོངས་སུ་སྡེ་པ་དེའི་རུ་ཁག་ལྔ་པའི་རུ་དཔོན་ཟུར་པ་ཞིག་ཀྱང་ཡོད་འདུག ཁོ་ཚོར་ཡང་ལོ་གསུམ་དང་ཕྱེད་ཀ་ནས་དྲུག་བར་གྱི་བཙོན་དུས་ཁྲིམས་ཐག་བཅད་ཐོག རྒྱ་མིའི་སྒོར་མོ་ཉི་འབུམ་ནས་གསུམ་འབུམ་ལྔ་ཁྲིའི་བར་ཉེས་ཆད་ཡང་བཀེལ་འདུག་ཅིང་། ཁྲིམས་ཁང་གིས་ཁོང་ཚོའི་ཐོག་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་གི་ཐོག་ནས་ནག་ཚོགས་རྩ་འཛུགས་བྱས་ལུགས་ཉེས་ཆད་བཀེལ་ཡོད་པ་རེད།
བོད་ཁུལ་དུ་ནག་ཚོགས་གཙང་སེལ་ཟེར་བ་དང་། ནག་སེལ་ངན་འཇོམས་ཟེར་བའི་ལས་འགུལ་འདི་དག་སྤེལ་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་འགྲིག་གཤོམ་དང་ཉར་ཚགས་བྱས་པར་ཉེས་ཆད་བཀེལ་བ་དང་། དེ་བཞིན་ཕྱི་ཕྱོགས་སུ་འབྲེལ་གཏུགས་བྱས་པ་སོགས་ལ་ཉེས་ཆད་བཀེལ་བཞིན་ཡོད་པར་མ་ཟད། ཏང་དང་རྒྱལ་ཁབ་ལ་རྒྱབ་གཏོད་བྱ་མཁན་ཡོད་མེད་མང་ཚོགས་ལ་སོ་ལྟ་བྱེད་འཇུག་པ་སོགས་སུན་བཙེར་ཆེན་པོ་བཟོ་བཞིན་ཡོད་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་རེད།