ཏོག་དབྱིབས་འགོག་ཁབ་རྒྱལ་སྤྱིའི་མི་དམངས་ཡོངས་ལ་ཁྱབ་ཐུབ་པ་དགོས་པའི་སྐུལ་མ།

2021.04.30
ཏོག་དབྱིབས་འགོག་ཁབ་རྒྱལ་སྤྱིའི་མི་དམངས་ཡོངས་ལ་ཁྱབ་ཐུབ་པ་དགོས་པའི་སྐུལ་མ།
ཨེ་ཨེཕ་པི།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡེ་ཤུའི་ཆོས་དཔོན་པོ་པི་ ཕ་རན་སིས་ (Pope Francis) གཙོས་པའི་རྒྱལ་སྤྱིའི་ཐོག་ཆོས་ཕྱོགས་དབུ་ཁྲིད་བརྒྱ་ཕྲག་བརྒལ་བས་སྨན་གྱི་བཟོ་གྲྭ་ཚོས་སྔོན་འགོག་སྨན་ཁབ་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་ཐབས་བྱ་རྒྱུའི་ནན་སྐུལ་གནང་འདུག

ཉིན་ཤས་སྔོན་དབྱིན་ལེནྜ་གྱི་The Guardian ཞེས་པའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཀོ་ཝིཌ་༡༩ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་འཛམ་གླིང་གི་མི་དམངས་ཡོངས་ལ་ཁྱབ་ཐུབ་པ་གནང་རྒྱུ་དེ་བཟང་སྤྱོད་ཀྱི་འགན་འཁུར་ཞིག་ཡིན་སྟབས་འབྲེལ་ཡོད་རྒྱལ་ཁབ་དང་སྨན་གྱི་བཟོ་གྲྭ་ཚོས་འགོག་ཁབ་སྨན་བཟོ་བསྐྲུན་དང་བགོ་འགྲེམས་བྱེད་དགོས་པའི་ནན་སྐུལ་གནང་འདུག།

རྒྱལ་སྤྱིའི་ཐོག་ཆོས་ལུགས་རིས་མེད་ཀྱི་དབུ་ཁྲིད་༡༥༠ལྷག་ཙམ་གྱིས་འབྱུང་འགྱུར་བཟོ་ལས་ཡར་ཐོན་གྱི་G7ཟེར་བའི་ཆེས་མཐོའི་ལྷན་འཛོམས་སྐབས་ཀོ་ཝིཌ་༡༩ཏོག་དབྱིབས་ནད་ཡམས་འགོག་ཁབ་དེ་རྒྱལ་ཁབ་སོ་སོའི་ལས་དོན་ཁོ་ན་ཞིག་ལ་མ་བརྩིས་བར། དེ་ནི་འཛམ་གླིང་སྤྱིའི་བདེ་དོན་གྱི་ཆེད་དུ་འཛམ་གླིང་ཡོངས་ཀྱི་མི་དམངས་ལ་མཐུན་རྐྱེན་སྦྱོར་སྤྲོད་དགོས་པ་སྐུལ་མ་གནང་ཡོད་པ་རེད།

དེ་ཡང་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པས་གསུངས་དོན།        མི་ཚང་མའི་ཚེ་སྲོག་དེ་རྩ་ཆེན་པོ་ཞིག་རེད། ཡུལ་ལུང་ཚང་མའི་མི་དམངས་ལ་འགོག་ཁབ་རྒྱག་རྒྱུ་ང་ཚོས་གཡོལ་ཐབས་མེད་པའི་བཟང་སྤྱོད་ཀྱི་འགན་འཁུར་ཞིག་ཡོད་པ་རེད་ཅེས་གསུངས་འདུག།

ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པས་དགོས་འདུན་དེ་བཞིན་ཨ་རིའི་ཕོ་བྲང་དཀར་པོས་མི་རིང་བར་ཨ་རིའི་གཞུང་གིས་AstraZeneca འགོག་ཁབ་སྨན་ཐུན་ས་ཡ་༦༠ཙམ་རྒྱལ་ཁབ་གཞན་དང་བགོ་འགྲེམས་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་བ་བསྟུན་བྱུང་བ་ཞིག་རེད་འདུག།

དེ་ཡང་ལུང་པ་གཞན་མང་པོའི་ནང་འགོག་ཁབ་མ་འདང་པའི་དཀའ་ངལ་ཕྲད་བཞིན་ཡོད་ཀྱང་ཨ་རིའི་དབུས་གཞུང་གིས་སྔོན་འགོག་ཁབ་སྡེབ་གསོག་བྱེད་ལུགས་ཀྱིས་སྐྱོན་བརྗོད་ཀྱང་བྱུང་ཡོད་པ་རེད།

རྒྱ་གར་དེ་བཞིན་འགོག་ཁབ་སྨན་བཟོ་བསྐྲུན་གནང་མཁན་ཆེ་ཤོས་ཤིག་ཡིན་ན་ཡང་། ནད་ཡམས་ཀྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པ་བསྟུན་འགོག་ཁབ་ཀྱང་ཟད་འགྲོ་ཡི་ཡོད་པའི་དཀའ་ངལ་ཡོད་པ་མ་ཟད། ད་དུང་ཨ་ཕི་རི་ཀའི་ལུང་པ་མང་པོའི་ནང་སྔོན་འགོག་ཁབ་རྫོགས་ནས་ད་དུང་བསྐྱར་དུ་རག་གི་ཡོད་མིན་གྱི་ཐོག་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སེམས་ཚབས་གནང་གི་ཡོད་པ་རེད།

འདི་ལོ་སྤྱི་ཟླ་བཞི་པའི་ཟླ་མཇུག་བར་དུ་ཨ་ཕི་རི་ཀའི་ལུང་པ་༤༡ཙམ་ནང་འགོག་ཁབ་རག་མཁན་མི་འབོར་རྒྱ་ཆའི་གཅིག་ཀྱང་བྱུང་མེད་ཅིང་། ད་བར་དུ་རྒྱ་གར་ནས་བཟོས་པའི་Covaxའགོག་ཁབ་ཨ་ཕི་རིའི་ལུང་པ་ཁག་ནང་བགོ་འགྲེམས་བྱས་ཡོད་ཀྱང་། ད་སྐབས་རྒྱ་གར་རང་ཉིད་ཀྱི་ཡུལ་ནང་དུ་ཏོག་དབྱིབས་འགོས་ཁྱབ་ཤུགས་ཇེ་ཆེར་འགྲོ་བ་དང་བསྟུན་འགོག་ཁབ་ལུང་པ་གཞན་དུ་ཕྱིར་འདྲེན་བྱེད་རྒྱུར་བཀག་བསྡོམས་བྱས་ཡོད་འདུག།

དེ་ཡང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁག་གིས་ཡར་ཐོན་རྒྱལ་ཁབ་སོ་སོའི་འགོག་ཁབ་སྨན་ལྷག་མ་ཡོད་པ་དག་འགོག་ཁབ་མེད་པའི་རྒྱལ་ཁབ་གཞན་ཚོ་དང་བགོ་བཤའ་གནང་རྒྱུའི་སྐུལ་མ་གནང་གི་ཡོད་ཅིང་། དེ་ཡང་འཛམ་གླིང་ཐོག་རྒྱལ་ཁབ་ཚང་མ་གཅིག་ལ་གཅིག་བརྟེན་ཡིན་པར་བརྟེན་འཛམ་གླིང་གི་ས་ཁུལ་གཅིག་ནང་གི་མི་དམངས་ལ་དཀའ་སྡུག་ཚད་ལས་འདས་པ་ཕྲད་པ་ཡིན་ན། འཛམ་གླིང་གི་ས་ཁུལ་གཞན་དུ་ཡོད་པའི་མི་དམངས་ལ་ཡང་རང་བཞིན་གྱི་བརྡབ་གསིག་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པ་རེད། དེར་བརྟེན་མ་འོངས་པར་མི་རབས་རྗེས་མ་ཚོས་ང་ཚོའི་འགན་འཁུར་གྱི་བྱ་སྤྱོད་ལ་ཧང་སངས་མ་དགོས་པ་ཞིག་བྱེད་ནས་འགོག་ཁབ་སྨན་རྒྱལ་སྤྱིའི་མི་དམངས་ཡོངས་ལ་ཁྱབ་ཐུབ་པ་དགོས་རྒྱུ་གནད་འགག་རང་བཞིན་ཅན་ཞིག་ཡིན་པ་འཛམ་གླིང་ཐོག་ཆོས་ཕྱོགས་དབུ་ཁྲིད་རྣམ་པས་བསྐུལ་མ་གནང་འདུག དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཉེ་ལམ་རྒྱ་གར་རང་ཉིད་ཀྱིས་བཟོས་པའི་ ཀོ་ཝིཌ་ཤིལཌ་ Covidshield ཟེར་བ་སྨན་ཁབ་དེ་སྔ་རྗེས་ཐུན་གཉིས་སྒྲོན་ཚར་ཡོད་པ་དང་དེ་ཡང་༸གོང་ས་མཆོག་གིས་སྤྱི་ཚོགས་ཀུན་ལ་ཕན་པའི་ཆེད་མི་གཞན་མང་པོས་སེམས་ཤུགས་བསྐྱེད་དེ་སྨན་ཁབ་འདི་ངེས་པར་རྒྱག་རྒྱུར་སྐུལ་མ་ཡང་གནང་ཡོད་པ་རེད། ཨེ་ཤེ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་བཞིན་བལ་ཡུལ་གནས་སྡོད་བོད་མི་ལོ་ན་༦༥བརྒལ་བ་མང་པོ་ཞིག་གིས་༧གོང་ས་མཆོག་གིས་འགོག་ཁབ་སྒྲོན་པ་མ་ཟད་གཞན་ལ་ཡང་བསྐུལ་མ་གནང་བ་དེས་ནམ་རྒྱུན་འགོག་ཁབ་ལ་དོགས་ཟོན་བྱེད་མཁན་ཚོར་ཡང་འགོག་ཁབ་བརྒྱབ་རྒྱུ་ཐེ་ཚོམ་མེད་པ་ཐག་གཅོད་བྱེད་རྒྱུ་ཕན་འདོགས་རླབས་ཆེན་བྱུང་ཡོད་ལུགས་བརྗོད་ཡོད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎