བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་མི་གྲངས་༢༩༡༡ ཟིན་འདུག

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༨།༡༧ཉིན།
ས་གནས། | ནད་རྟགས་ཡོད་པ། | ནད་རྟགས་མི་མངོན་པ། | འཕར་བ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ། | ༢༠༢ | ༢༧༠༩ | ༧༤༢ | ༢༩༡༡ |
ཕྱི་ཟླ་༨ཚེས་༡༧ཉིན་གྱི་ཉིན་གུང་ཚོུད་གཉིས་པ་བར་བོད་རང་སྐྱོང་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་པའི་གྲངས་འབོར་༢༩༡༡ཟིན་འདུག་ཅིང་། ཕྱི་ཚེས་༡༦དང་བསྡུར་ན་ཉིན་གཅིག་གི་ནང་༧༤༢གྱིས་འཕར་ཡོད་པ་རེད།
རིམས་ནད་འགོས་པའི་མི་གྲངས་ཁོངས་སུ་ནད་རྟགས་ཡོད་པ་མི་༢༠༢དང་ནད་རྟགས་མི་མངོན་པ་མི་༢༧༠༩ཡོད་པ་བོད་རང་སྐྱོང་ལྗོངས་ཟེར་བའི་འཕྲོད་བསྟེན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་འདུག
བོད་ནང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་ཚེས་༡༧ཉིན་གྱི་ཉིན་རྒྱབ་ཆུ་ཚོད་བཞི་པ་བར་ཁྱོན་ནད་པ་༡༢སྨན་ཁང་ནས་ཐོན་ཏེ་ཁྱིམ་དུ་ཟུར་བཀག་ལྟ་ཞིབ་བྱེད་ཀྱི་ཡོད་པ་དང་། ཕྱི་ལུགས་དང་བོད་ལུགས་གསོ་བ་རིག་པ་ཟུང་འབྲེལ་གྱི་ཐོག་ནས་སྨན་བཅོས་བྱེད་བཞིན་ཡོད་པ་བརྗོད་འདུག བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེ་བྱུང་བའི་དུས་སུ་བོད་ལུགས་དང་ཕྱི་ལུགས་ཟུང་འབྲེལ་གྱིས་སྨན་བཅོས་བྱས་པར་དྲག་བསྐྱེད་ཆེན་པོ་བྱུང་བའི་མངོན་རྟགས་མང་དག་ཞིག་ཡོད་པ་བོད་པའི་སྨན་པ་ཚོས་སྔ་རྗེས་བརྗོད་ཡོད་པ་རེད།
བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་རྩེ་གྲོང་ཁྱེར། གངས་རིན་པོ་ཆེ་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མངའ་རིས་ཁུལ་དུ་རྒྱ་ནག་ནས་ཡུལ་སྐོར་བ་ཡོང་མཁན་ཧ་ཅང་མང་པོ་བྱུང་ཡོད་ཅིང་། ད་ཆ་ཡུལ་སྐོར་བ་སྟོང་ཕྲག་མང་པོ་མཁའ་ལམ་དང་མེ་འཁོར་རི་ལི་སོགས་འགྲིམ་འགྲུལ་གྱི་བརྒྱུད་ལམ་སྣ་ཚོགས་ཐོག་རྒྱ་ནག་ཏུ་ཕྱིར་ལོག་བྱེད་ཐབས་བྱེད་བཞིན་ཡོད་འདུག ཁོང་ཚོ་རྒྱ་ནག་ཏུ་ཐོན་པར་སྔོན་འགྲོའི་ཆ་རྐྱེན་དུ་ཚོུད་༢༤ནང་རིམས་ནད་འགོས་ཡོད་མེད་བརྟག་དཔྱད་ཐེངས་གཉིས་བྱེད་དགོས་ཀྱི་ཡོད་པ་དང་། རིམས་ནད་འགོས་མེད་པའི་དཔང་རྟགས་ཡི་གེ་མེད་ཚེ་བོད་ནས་ཕྱིར་བསྐྱོད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་རེད།
གཞིས་རྩེར་མཚོན་ན་ཚེས་༡༥བར་ཁྱོན་འགྲུལ་པ་༩༠༤༩བདེ་འཇགས་ངང་ཕྱིར་ལོག་ཐུབ་ཡོད་པ་གཞུང་འབྲེལ་བརྒྱུད་ལམ་ནས་བརྗོད་འདུག་ལ། ཚེས་༩དང་༡༠ཉིན་གཉིས་ནང་ཡུལ་སྐོར་བ་༧༠༠༠བོད་ནས་ཕྱིར་ཐན་ཐུབ་ཡོད་པ་བརྗོད་འདུག
དེང་སྐབས་ནད་ཡམས་ཁྱབ་གདལ་འགྲོ་ཡུལ་ཆེ་ཤོས་ནི། རྒྱ་ནག་ཧའེ་ནན་ཞིང་ཆེན་གྱི་སན་གཡ་གྲོང་ཁྱེར་དང་། དེ་བཞིན་བོད་དང་ཤིན་ཅང་བཅས་ཡིན་ཞིང་། ས་ཁུལ་འདི་དག་ནི་རྒྱ་ནག་ནས་དབྱར་དུས་སུ་ཡུལ་སྐོར་སྤྲོ་འཆམ་པ་མང་ཤོས་འགྲོ་ཡུལ་ཁག་ཀྱང་ཡིན་པ་རེད།
བོད་ནང་ཏོག་དབྱིབས་འགོས་ནད་ཐོན་པའི་སྐབས་འདིར་བོད་མི་སྒེར་སོ་སོ་དང་། དགོན་སྡེ། ཟ་ཁང་སོགས་མང་པོས་སྤྱི་ཚོགས་ལ་སྨིན་པའི་ཞལ་འདེབས་རིགས་ཕུལ་མཁན་དང་། ཆོས་ཕྱོགས་ནས་རིམས་ནད་མྱུར་གྲོལ་གྱི་རིམ་གྲོ་གནང་མཁན་ཡང་མང་པོ་བྱུང་འདུག་ལ། ལྷ་ས་ཀུན་བདེ་གླིང་གྲྭ་ཚང་འདུས་མང་ནས་རྒྱལ་ས་ལྷ་སའི་གཙང་སྦྲའི་འཕྲོད་བསྟེན་མི་སྣ་༢༤༠༠ཙམ་ལ་རིམས་འགོག་བོད་སྨན་ནག་པོ་དགུ་སྦྱོར་ལ་སོགས་པའི་སྨན་སྦྱིན་གནང་ཡོད་པ་བོད་ནས་མིང་འབོད་མ་བྱས་པའི་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།