རྒྱ་ནག་ནང་རིམས་ནད་དམ་དྲགས་ལ་ངོ་རྒོལ་དང་འབྲེལ་བོད་ནང་གི་མཚོ་སྔོན་ཟི་ལིང་དུ་མི་མང་ཕྱི་ལ་འབུད་མི་ཆོག་པའི་བཀོད་ཁྱབ་གཏོང་བཞིན་ཡོད་འདུག

ཕྱི་ཟླ་༡༡ཚེས་༢༧ཉིན་རྒྱ་ནག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་ཁག་ཏུ་མི་མང་ཕོན་ཆེན་འདུ་འཛོམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་རིམས་ནད་གཙང་སེལ་དམ་དྲགས་དང་། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་དམར་ཤོག་ཚོགས་པར་ཞི་རྒོལ་ཤུགས་ཆེར་བྱས་ཡོད་པ་དང་འབྲེལ། ཕྱི་ཚེས་༢༨་ཉིན་ནས་བཟུང་བོད་ནང་ད་ལྟའི་ཆར་རིམས་ནད་ཀྱི་བཀག་བསྡོམས་ཤུགས་ཆེར་བྱས་ཡོད་པའི་མཚོ་སྔོན་ཟི་ལིང་གྲོང་ཁྱེར་སོགས་སུ། རྒྱ་ནག་གཞུང་འབྲེལ་ངོས་ནས་མི་མང་ཚོ་ཕྱི་ལ་གཅིག་ཀྱང་འབུད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་དང་། ཁ་སང་ཕྱི་དྲོ་ནས་གཅིན་སྐྱག་གཏོང་དགོས་ན་རང་གི་ཁྱིམ་དུ་གཏོང་ས་གྲ་སྒྲིག་དགོས་པ་ལས་ཕྱི་ལ་ཐོན་མི་ཆོག་པ་དང་། རིམས་ནད་བརྟག་དཔྱད་ཆེད་སྲིད་གཞུང་གི་མི་སྣ་ཁྱིམ་དུ་ཡོང་བ་ལས་མི་མང་ཕྱི་ལ་ཡོང་མི་ཆོག་པ་བཟོས་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
ད་ལྟའི་ཆར་མཚོ་སྔོན་ཟི་ལིང་གཙོས་རེབ་གོང་དང་། རྩེ་ཁོག་རྫོང་།བསང་ཆུ་རྫོང་།གཙོད་རྫོང། རྔ་བ་དང་མཛོད་དགེ་རྫོང་སོགས་སུ་རིམས་ནད་རྐྱེན་གྱིས།རྒྱ་ནག་གཞུང་གིས་མི་མང་ལ་བཀག་བསྡོམས་དང་རིམས་ནད་བརྟག་དཔྱད་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། མཚོ་སྔོན་ཟི་ལིང་ཏུ་ཉིན་ཤས་སྔོན་སྡོད་ཁུལ་ཞིག་ཏུ་མི་མང་དང་རིམས་ནད་ལྟ་རྟོག་པའི་བར་ཁ་རྩོད་བྱུང་བ་སོགས་ལ་བརྟེན། དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་བོད་ནང་གི་བོད་མི་ཚོའི་ཁྲོད་དུ་རྒྱ་ནག་ནང་ཞི་རྒོལ་བྱུང་བཞིན་པའི་གནས་ཚུལ་རྒྱུད་སྤེལ་བྱེད་མཁན་རེ་གཉིས་མཐོང་རྒྱུ་འདུག་ལ། འབྲེལ་ཡོད་བོད་མི་གཞན་དེས་རྒྱ་ནག་ནང་ངོ་རྒོལ་བྱུང་བཞིན་པའི་གནས་ཚུལ་གོ་ཐོས་བྱུང་ན་ཡང་། དེ་འབྲེལ་གྱི་གནས་ཚུལ་ཚང་མ་བཀག་བསྡོམས་དང་ཕར་ཚུར་བརྒྱུད་སྤེལ་གང་ཡང་མི་ཐུབ་པ་བྱས་ཡོད་སྐོར་ཡིག་ཐོག་བརྒྱུད་འབྲེལ་བརྗོད་གནང་བྱུང་།
དེ་བཞིན་ཕྱི་ཚེས་༢༨ཉིན་བོད་མི་འདས་སྡོད་མང་སའི་རྒྱ་ནག་གི་ཁྲིན་ཏུའུ་གྲོང་ཁྱེར་དང་། ལན་ཀྲོའུ་གྲོང་ཁྱེར་སོགས་སུ་ཡང་མང་ཚོགས་འདི་འཛོམས་ཀྱིས་ངོ་རྒོལ་བྱས་ཡོད་ན་ཡང་། ཕྱི་ཚེས་༢༨ཉིན་ནས་བཟུང་ཞི་རྒོལ་བྱུང་སའི་གྲོང་ཁྱེར་ཆེ་ཁག་ཏུ་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཡོད་པ་མ་ཟད། བོད་ནང་གི་ས་ཁུལ་མང་པོར་དམ་དྲགས་ཤུགས་ཆེ་རུ་བཏང་ཡོད་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ནས།དེང་སྐབས་རྒྱ་ནག་ནང་ངོ་རྒོལ་བྱེད་བཞིན་པ་དང་འབྲེལ།བོད་ནང་གི་ཟི་ལིང་སོགས་སུ་ངོ་རྒོལ་བྱུང་གི་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་མི་ཚོར་ལྷག་པར་དུ་གཟབ་ནན་བྱེད་མགོ་ཚུགས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༡༠ནང་ལྷ་སར་ངོ་རྒོལ་དང་འབྲེལ་མི་གྲངས་༢༠༠འཛིན་བཟུང་བྱས་ཡོད་པ་ལས། བོད་མི་༤༠ལྷག་དུས་ཡུན་རིང་བོར་བཀག་ཉར་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིར་རྒྱ་ནག་ནང་མི་མང་གིས་ཞི་རྒོལ་བྱུང་རྐྱེན་གཙོ་བོ་དེ་ཟླ་འདིའི་ཕྱི་ཚེས་༢༤་ཉིན། ཤིན་ཅང་ཡུ་གུར་གྱི་རྒྱལ་ས་ཨུ་རུམ་ཆི(URUMQI)གྲོང་ཁྱེར་ནང་། ཁང་བརྩེགས་ཡིན་པའི་སྡོད་ཁང་ཞིག་ལ་མེ་ཤོར་བ་དང་འབྲེལ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་བཀག་བསྡོམས་རྐྱེན་གྱིས་ཁང་པར་སྒོ་ལྕགས་བརྒྱབ་ཡོད་སྟབས། ཕྱི་ལ་འབྲོ་མ་ཐུབ་པར་མི་གྲངས་༡༠མེ་སྐྱོན་ཁྲོད་རྐྱེན་འདས་དང་། མི་༩ལ་རྨས་སྐྱོན་བྱུང་རྗེས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ནས་མི་མང་གིས་ཡུ་གུར་གྱི་མེ་སྐྱོན་ཁྲོད་འདས་གྲོངས་སུ་ཕྱིན་པ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་འདུ་འཛོམས་དང་འབྲེལ། རྒྱ་ནག་གི་པེ་ཅིན་གྲོང་ཁྱེར་གཙོས། གྲོང་ཁྱེར་ཆེ་ཁག་དང་རྒྱ་ནག་གི་གཙུག་ལག་སློབ་གྲྭ་ཆེ་ཁག་ནང་དུ་རྒྱ་ནག་གཞུང་གི་རིམས་ནད་དམ་དྲགས་སྲིད་བྱུས་དང་། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་མར་འབབ་དགོས་པའི་ངོ་རྒོལ་དང་། དམར་ཤོག་ཚོགས་པར་ངོ་རྒོལ་གྱི་ཕྱོགས་ཀྱི་འགྱུར་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།