ལྷ་སའི་བཀག་བསྡོམས་ཞི་གློད་གཏོང་གི་ཡོད་ཀྱང་ས་ཁུལ་རེ་ཟུང་སྔར་བཞིན་ཁྱིམ་སྡོད་བཀག་རྒྱའི་འོག་བཅུག་ཡོད་འདུག

ཉིན་ཤས་སྔོན་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་རིམས་ནད་བཀག་བསྡོམས་གློད་མགོ་ཚུགས་བཞིན་ཡོད་པ་བསྒྲགས་ཡོད་པ་ལྟར། ད་ལྟའི་ཆར་ལྷ་ས་སྤྱི་ཡོངས་ནས་ཅུང་ཙམ་ཞི་ལྷོད་གཏོང་གི་ཡོད་ཀྱང་ཚོང་ཁང་ཟ་ཁང་སོགས་མི་ཚོགས་འདུ་འཛོམས་མེད་ས་ཁག་ལས། དེ་མིན་སྒོ་ཕྱེ་བཅུག་བཞིན་མེད་པ་མ་ཟད།ས་གནས་ཡུལ་མི་ཚོར་རང་གི་ཉེ་འཁོར་དུ་ཡོད་པའི་ཚོང་ཁང་དང་ཟ་ཁང་ཁག་ནང་འགྲོ་སྐྱོད་བྱེད་བཅུག་པ་ལས་ཐག་རིང་པོར་འགྲུལ་བཞུད་བྱེད་བཅུག་གི་མེད་པ་དང་། ལྷ་ས་གྲོང་ཁྱེར་གྱི་འབྲས་སྤུངས་དགོན་པའི་ཉེ་འདབས་ཀྱི་སྡོད་ཁུལ་དང་། སྟོད་ལུང་གདོང་དཀར་ཁུལ་དུ་གནས་སྡོད་བྱས་ཡོད་པ་ཚོ་ད་དུང་སྔར་རྒྱུན་ལྟར་ནང་དུ་བཅུག་སྟེ། ཕྱི་ལ་གཏོང་གི་མེད་སྟབས་མི་མང་ལ་དཀའ་ངལ་མུ་མཐུད་འཕྲད་བཞིན་པ་ཡིན་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། དེ་རིང་ནས་བཟུང་ལྷ་སར་རིམས་ནད་བཀག་བསྡོམས་དང་འབྲེལ། སྟོད་ལུང་གདོང་དཀར་ཁུལ་དང་འབྲས་སྤུངས་དགོན་པའི་ཉེ་འདབས་ས་ཁུལ་དུ་བཀག་བསྡོམས་བྱས་ཏེ་ཉིན་གྲངས་༨༩འགྲོ་བཞིན་ཡོད་ན་ཡང་། སྔར་བཞིན་དམ་དྲགས་དང་ལྟ་སྲུང་འོག་ཡོད་པ་དང་། ས་ཁུལ་དེ་དག་ཏུ་རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་ནང་དབུལ་སྒྲོལ་གྱི་ལས་གཞིའི་འོག། སྡོད་ཁང་མང་པོ་འཛུགས་སྐྲུན་གྱིས་མི་མང་སྡོད་གནས་བཟོས་པ་ཡིན་པ་དང་། ས་ཁུལ་དེ་དག་འཛུགས་སྐྲུན་བྱེད་སྟངས་རྐྱེན་གྱིས་འཚང་ཁ་ཆེ་བ་དང་གཙང་སྦྲ་སོགས་མེད་པའི་ཡུལ་དུ་ཁེལ་ཡོད་པས། རིམས་ནད་བསྐྱར་དུ་འགོས་ཁྱབ་ལ་ཡིད་གཟབ་ཀྱིས་བཀག་བསྡོམས་མ་གློད་པ་ཡིན་པ་དང་། མི་མང་ལ་སྔར་བཞིན་ཟ་མ་དང་འཕྲོད་བསྟེན་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པ་ཡིན་སྐོར་བརྗོད་བྱུང་།
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ལྷ་ས་གྲོང་ཁྱེར་དུ་རིམས་ནད་བཀག་བསྡོམས་སླར་གསོ་ཡོང་ཆེད། སྤྱི་སྤྱོད་རླངས་འཁོར་དང་གླ་འཁོར་སོགས་གཙང་བཟོ་དང་ལས་ཀ་བྱེད་མགོ་ཚུགས་ཡོད་སྐོར་བཀོད་ཡོད་པ་དང་། འགྲུལ་སྐྱོད་པ་ཚོ་སྤྱི་སྤྱོད་རླངས་འཁོར་ལ་སྡོད་སྐབས་སུ།ངེས་པར་དུ་ཁ་རས་རྒྱག་དགོས་པར་མ་ཟད། འགྲོ་འོང་བཤེར་རྟགས་དང་། བདེ་ཐང་བཤེར་རྟགས། ན་ཚ་མེད་པའི་བརྟག་དཔྱད་ཞིབ་བཤེར་བཅས་གསུམ་དང་། ལུས་དྲོད་ལ་ཞིབ་དཔྱད་ཐེངས་གཅིག་བྱེད་དགོས་པ་དང་། འཁོར་རིགས་ཀྱི་གནས་ཡུལ་བཤེར་རྟགས་བཤེར་རྗེས་བདེ་ཐང་ཨང་རྟགས་དང་། འགྲོ་འོང་བཤེར་རྟགས། ན་ཚའི་བརྟག་དཔྱད་མཇུག་འབྲས། ཚ་བ་ལྟ་བ་བཅས་བྱས་ནས་ཚང་མར་གནད་དོན་མེད་ཚེ་གཞི་ནས་ཕན་ཚུན་བར་རྐུབ་སྟེགས་གཅིག་གི་སྟོང་པ་བཞག་ནས་རླངས་འཁོར་ལ་སྡོད་ཆོག་སྐོར་བཀོད་ཁྱབ་བཏང་ཡོད་འདུག
རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན་བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་རིམས་ནད་ཁྱབ་གདལ་ཕྱིན་པ་ནས་ད་བར་ཁྱོན་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༨༦༩༢ཟིན་སྐོར་བཀོད་ཡོད་པ་དང་། ཕྱི་ཟླ་༡༡ཚེས་༥ཉིན་རྒྱ་ནག་རྒྱལ་ཡོངས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་སྒྲིག་གཞི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟེར་བའི་སྟེང་། རིམས་ནད་བཀག་བསྡོམས་དང་འབྲེལ་བྱེད་མི་ཆོག་པའི་ལས་དོན་ཡོངས་བསྒྲགས་ཟེར་བ་ཞིག་སྤེལ་བའི་ནང་། རིམས་ནད་ཟུར་བཀག་བྱེད་སྐབས་མི་མང་ལག་ནས་དངུལ་བསྡུ་བ་དང། ནད་འགོས་ཡོད་པའི་ཁྱིམ་ཚང་ལ་སྒོ་ལྕགས་རྒྱབ་པ་སོགས་ཁྲིམས་འགལ་ཡིན་པ་དང་། ཉེན་ཁ་ཆུང་བའི་ས་ཁུལ་ནས་ཡོང་བའི་མི་སྣ་བཙན་ཐབས་ཀྱིས་ནང་དུ་ལོག་མི་བཅུག་པ་དང་། ཉེན་ཁ་ཆུང་བའི་ས་ཁུལ་གྱི་མི་སྣས་ཉིན་རེར་བརྟག་དཔྱད་ཐེངས་གཉིས་རེ་ལས་བྱེད་བཅུག་མི་དགོས་པ་སོགས་བཟོས་ཡོད་པ་བཀོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།