བྱམས་པ་གླིང་རྒན་གསོ་ཁང་དུ་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་པའི་ནད་པ་༡༣ཐོན་འདུག

2021.02.01
བྱམས་པ་གླིང་རྒན་གསོ་ཁང་དུ་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་པའི་ནད་པ་༡༣ཐོན་འདུག རྡ་རམ་སཱ་ལའི་རྒྱལ་བའི་ཕོ་བྲང་གི་གླིང་སྐོར་ལམ། ༡༡།༢༠༡༩
Lhuboom/RFA

རྡ་རམ་སཱ་ལའི་ལྷ་རྒྱལ་རིའི་བྱམས་པ་གླིང་རྒན་གསོ་ཁང་དུ་རྒན་རྒོན་བཅུ་གཉིས་དང་སྨན་ཞབས་པ་གཅིག་བཅས་ལ་(Covid-19)ཏོག་དབྱིབས་རིམས་ནད་འགོས་ཡོད་འདུག

རྒྱ་གར་རྡ་རམ་སཱ་ལའི་ལྷ་རྒྱལ་རིའི་བྱམས་པ་གླིང་རྒས་གསོ་ཁང་དུ། སྤྱིར་བཏང་རྒན་རྒོན་རྣམས་ཟླ་བ་མང་པོའི་རིང་ཕྱི་ལ་འགྲོ་བསྐྱོད་མི་ཆོག་པར་བཞག་ཡོད་ནའང་། ཉེ་ལམ་བགྲེས་སོང་ཁག་ཅིག་ལ་ཆམ་པ་རྒྱབ་པའི་དཀའ་ངལ་ལ་བརྟེན། ཞོར་དུ་སྐུ་གཟུགས་བདེ་བོ་མེད་པའི་རྒན་རྒོན་༥༠དང་ལས་བྱེད་༡༣ལ་(Covid-19)ཏོག་དབྱིབས་རིམས་ནད་ཡོད་མེད་བརྟག་དཔྱད་བྱས་འབྲས་སུ། རྒན་རྒོན་བཅུ་གཉིས་དང་ནད་གཡོག་གཅིག་བཅས་མི་གྲངས་བཅུ་གསུམ་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པས། ད་ལྟ་རྒན་ཁོག་གཉིས་ཛ་དྲག་སྨན་ཁང་དུ་བཞག་ཡོད་པ་དང་། གཞན་རྣམས་ཟུར་བཀག་གིས་སྨན་བཅོས་གནང་གི་ཡོད་པ། སྤྱི་ཟླ་༡ཚེས་༣༡ཉིན་འབྲེལ་ཡོད་ནང་སྲིད་ལས་ཁུངས་བདེ་དོན་ཚན་པའི་འགན་འཛིནབཀྲ་ཤིས་བདེ་སྐྱིད་ལགས་ནས་འགྲེལ་བརྗོད་གནང་གི་འདུག

 

བྱམས་པ་གླིང་རྒན་གསོ་ཁང་ནི་བཞུགས་སྒར་གྱི་༧རྒྱལ་བའི་ཕོ་བྲང་གི་རྒྱབ་ཏུ་ཁེལ་ཡོད་པས། འབྲེལ་ཡོད་ནང་སྲིད་ལས་ཁུངས་སོགས་ནས་ཡིད་གཟབ་ཆེན་པོ་གནང་སྟེ། དེ་སྔ་ནས་རྒན་རྒོན་ཚོ་གླིང་བསྐོར་དང་ཕྱི་ལ་ཁྱོན་ནས་ཕེབས་བཅུག་གི་མེད་པར། ཏོག་དབྱིབས་གཉན་རིམས་མི་འགོས་ཐབས་གང་ཡོང་གནང་ཡོད་ནའང་། སྟབས་མ་ལེགས་པར་རྒན་གསོ་ཁང་དུ་རིམས་ནད་མཆེད་ཡོད་པས། ད་ཆ་རྒན་ཁོག་ལྷག་མ་ཚོ་དང་ལས་བྱེད་ཀྱི་ནང་མི་ཚོར་བརྟག་དཔྱད་བྱས་བསྡད་ཡོད་པ་མ་ཟད། མུ་མཐུད་དུ་གང་གཟབ་བྱེད་རྒྱུ་དང་ཕར་ཚུར་འགོས་ཁྱབ་མི་འགྲོ་བའི་ཆེད། ལས་བྱེད་དང་རྒན་ཁོག་ཚོར་ལྟ་རྟོག་དང་རྒན་གསོ་ཁང་རང་གི་ནང་འཇོག་གི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

ད་རེས་ཏོག་དབྱིབས་རིམས་ནད་འགོས་པའི་རྒན་ཁོག་དེ་ཚོ་ནིདགུང་ལོ་༦༠ནས་༩༦བར་གྱི་བགྲེས་སོང་ཞེ་གཅིག་ཡིན་པ་དང་། ཏོག་དབྱིབས་རིམས་ནད་འདི་ཧ་ཅང་ཛ་དྲག་ཡིན་པར་བརྟེན། རྩ་བའི་རྒན་རྒོན་ཚོ་ད་ལོར་གླིང་བསྐོར་སོགས་ལ་རྩ་བ་ཉིད་ནས་ཕེབས་མེད་པས། མི་གང་བྱུང་ཐུག་འཕྲད་བྱུང་མིན་ལ་རྩད་གཅོད་དང་། གླིང་སྐོར་ལམ་ཁ་དུག་སེལ་བྱེད་དགོས་པའི་གནས་ཚུལ་ཆགས་ཀྱི་མེད་ནའང་། ན་ཚ་འགོས་ཁྱབ་ཀྱི་ཡོང་ཁུངས་ད་ཆ་གསལ་བོ་ཤེས་རྟོགས་ཐུབ་མེད་པ་དང་། ལས་བྱེད་དང་རྒན་རྒོན་གཞན་ཚོར་ན་ཚ་འགོས་མེད་པ་གསལ་བོ་ཆགས་ཡོད་པའི་ཁར། ན་ཚ་འགོས་ཟིན་པའི་རྒན་རྒོན་ཚོ་མི་མང་དང་ཁྱོན་ནས་འབྲེལ་འདྲིས་བྱུང་མེད་པས། མི་མང་ནང་འགོས་ཁྱབ་ཀྱི་ཉེན་ཁ་མཐོང་གི་མེད་ཅེས་འགྲེལ་བརྗོད་གནང་གི་འདུག

བྱམས་པ་གླིང་རྒན་གསོ་ཁང་དུ་རྒན་རྒོན་༩༠ཙམ་ཡོད་པ་དང་། རྒན་རྒོན་ཚོར་ཕྱི་ཟླ་༡ཚེས་༢༨ཉིན་བརྟག་དཔྱད་གནང་བ་བརྒྱུད། ཕྱི་ཚེས་༣༠ཉིན་བརྟག་དཔྱད་ཀྱི་འབྲས་བུ་ཐོན་ཏེ་ནད་པ་རྒན་རྒོན་༡༡དང་ནད་གཡོག་༡ཐོན་ཡོད་པའི་ཁར། དེ་མིན་གྱི་བགྲེས་སོང་ཞིག་ན་ཚ་གཞན་ལ་བརྟེན་ནས་སྨན་ཁང་དུ་ཕྱིན་པ་ལའང་། ཏོག་དབྱིབས་རིམས་ནད་ལ་བརྟག་དཔྱད་སྐབས་ནད་རྟགས་ཐོན་ཡོད་པས་ཛ་དྲག་སྨན་ཁང་དུ་བཞག་ཡོད་པ་དང་། ཕྱི་ཚེས་༣༡ཉིན་བསྐྱར་དུ་རྒན་རྒོན་ཚོ་དང་ལས་བྱེད་ཆ་ཚང་ལ་ཏོག་དབྱིབས་རིམས་ནད་བརྟག་དཔྱད་དང་སྨན་བཅོས་སོགས་གནང་བཞིན་པ་རེད།

གཞན་ཡང་གོང་གསལ་གྱི་རྒན་གསོ་ཁང་གི་ཏོག་དབྱིབས་ནད་པ་ཚོ་མ་ཚུད་པར། བདུན་ཕྲག་འདིའི་ནང་རྒྱ་གར་དུ་བོད་མི་ལྔ་ལ་ཏོག་དབྱིབས་རིམས་ནད་གསར་འགོས་དང་། བོད་མི་གཅིག་འདས་གྲོངས་སུ་གྱུར་ཡོད་ཅིང་། ཁྱོན་བསྡོམས་ད་བར་རྒྱ་གར་དང་བལ་ཡུལ་ནང་བོད་མི་༡༤༩༥ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་དང་། དེ་ཚོ་ལས་དྲག་བསྐྱེད་སོང་བ་མི་གྲངས་༡༤༤༠དང་། འདས་གྲོངས་སུ་སོང་བ་མི་གྲངས་༣༨ཡིན་པ། ད་ལྟ་ནད་མནར་བཞིན་པའི་མི་གྲངས་༣༠ཡོད་པ་རེད།

འདས་པའི་སྤྱི་ཟླ་༡པོའི་ནང་། རྒྱ་གར་ནང་ཀོཝིཌ་༡༩ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་སྨན་ཁབ་དངོས་སུ་རྒྱའགོ་བཙུགས་ནས། ད་བར་རྒྱ་གར་གྱི་མི་མང་འབུམ་ཕྲག་མང་པོར་ (Covishield)སྔོན་འགོག་སྨན་ཁབ་དང་། (Covaxin)ཞེས་པའི་སྔོན་འགོག་སྨན་ཁབ་གཉིས་རྒྱབ་ཟིན་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ནད་དུག་སྔོན་འགོག་ཚོགས་ཆུང་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བར་གཞིགས་ན། རྒྱ་གར་གཞུང་གི་རྩ་འཛིན་ལམ་སྟོན་ལྟར། སྤྱི་ཟླ་༢པའི་ཚེས་༡བར་རྒྱ་གར་ནང་བོད་མི་༤༩༣ཡིས་ཏོག་དབྱིབས་ནད་ཡམས་སྔོན་འགོག་སྨན་ཁབ་རྒྱག་རྒྱུའི་མིང་ཐོ་བཀོད་ཡོད་པ་དང་། དེའི་ནང་ནས་བོད་མི་༡༦༣ལ་སྔོན་འགོག་སྨན་ཁབ་རྒྱབ་ཟིན་ཡོད་པ་དང་། གནས་སྟངས་འདྲ་མིན་གྱི་དབང་གི་བོད་མི་༤༣ཡིས་སྔོན་ཁབ་རྒྱག་རྒྱུ་ཕྱིར་འཐེན་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎