བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་ཏོག་དབྱིབས་ནད་དུག་ཕོག་པའི་བོད་མི་ཇེ་མང་དུ་འགྲོ་བཞིན་ཡོད་པ།
བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་བོད་མི་གནས་ཡུལ་ས་ཁུལ་གཙོ་གནས་ཁག་སྟེ།གངས་སྐྱིད་དང་། མེག་ལོར་ཌ་གྷན་ཇི། ནོར་བུ་གླིང་ག་བཅས་ཀྱི་ནང་ཀོཝིཌ་༡༩ཏོག་དབྱིབས་རིམས་ནད་ཕོག་པའི་བོད་མི་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། འདི་ཚེས་༡༧ རེས་གཟའ་པ་སངས་ཉིན་བོད་མི་ནད་པ་༡༩ཐོན་འདུག་པ་དེའི་ཁྲོད་ནད་པ་༡༠བོད་མིའི་སྒྲིག་འཛུགས་ཆགས་ཡུལ་གངས་སྐྱིད་ནས་ཡིན་འདུག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། གཞི་རྩའི་ཆ་ནས་ད་སྐབས་རྡ་རམ་ས་ལའི་ཁུལ་གནམ་གཤིས་ཀྱི་ཚ་གྲང་ལ་འགྱུར་བ་འགྲོ་བཞིན་ཡོད་པ་དེའི་དབང་གིས་ནད་ཡམས་དེ་འགོས་ཀྱི་ཡོད་པ་གསལ་པོ་རེད་འདུག་ཅེས་དང་། ཕྱོགས་གཞན་ཞིག་ནི་ནད་དུག་ཕོག་ཡོད་མེད་ནི་གཙོ་བོ་བརྟག་དཔྱད་ལ་རག་ལས་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཁུལ་དུ་བརྟག་དཔྱད་ཡང་ནས་ཡང་དུ་བྱེད་ཀྱི་ཡོད་པ་བརྒྱུད་ནད་པ་དེ་དག་ཐོན་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་།
དེ་དང་ཕྱོགས་མཚུངས་གངས་སྐྱིད་ཁུལ་དུ་ནད་དུག་ཁྱབ་བརྡལ་ཇེ་ཆེར་འགྲོ་བཞིན་ཡོད་པའི་དབང་གིས་འདི་ཚེས་༢༠ རེས་གཟའ་ཟླ་བ་ནས་བཟུང་ལས་བྱེད་བརྒྱ་ཆ་༥༠ རེས་མོས་ཀྱིས་ལས་བཅར་ཞུ་རྒྱུ་ཡིན་འདུག་ལ། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་ནད་པ་དང་འབྲེལ་བ་བྱུང་མིན་གྱི་རྩད་ཞིབ་གནང་མུས་ཡིན་འདུག་ཅིང་། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། ན་ནིང་དང་བསྡུར་ན་མི་མང་ཚོ་ནད་ཡམས་དེར་འཇིགས་སྣང་བྱེད་རྒྱུ་ཉུང་དུ་ཕྱིན་འདུག འོན་ཀྱང་། གཙོ་བོ་སྔོན་འགོག་གི་ལས་དོན་ཁག་ལ་དོ་སྣང་བྱེད་རྒྱུ་དེ་ཡིན་པ་མ་ཟད། ལྷག་དོན་དུ་སྔོན་འགོག་གི་སྨན་ཁབ་བསྐྱོན་ཟིན་ཡོད་ཀྱང་། ནད་དུག་འགོས་ཀྱི་ཡོད་པས་ངེས་པར་དུ་ཡིད་གཟབ་གནང་དགོས་པ་འགྲེལ་བརྗོད་གནང་སོང་།
སྤྱིར་རྒྱ་གར་ནང་དེ་སྔ་དང་བསྡུར་ན་ནད་པའི་གྲངས་འབོར་དེ་ཧ་ཅང་གི་ཉུང་དུ་སོང་ཡོད་པའི་ཁར། བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་བོད་མི་ནད་པ་ཧ་ལམ་མེད་པ་ལྟ་བུར་གྱུར་ཡོད་ཀྱང་། ད་ཆ་ས་ཁུལ་འདིར་ནད་པའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པ་གནས་ཚུལ་ཐོན་བཞིན་ཡོད་པ་དེ་ནི།ནད་རླབས་གསུམ་པ་ཡིན་སྲིད་པ་ཚོད་དཔག་གནང་མཁན་ཡང་འདུག
རྒྱལ་བལ་འབྲུག་གསུམ་ནང་འདི་ཚེས་༡༨ བར་ཏོག་དབྱིབས་ནད་དུག་གིས་མནར་བཞིན་པའི་བོད་མི་གྲངས་༥༩ དང་ནད་དུག་དེའི་རྐྱེན་གྱིས་གོང་ཞུས་རྒྱལ་ཁབ་གསུམ་ནང་ད་བར་བོད་མི་༡༥༠ འདས་གྲོངས་སུ་ཕྱིན་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་༡༩་ལས་དོན་ཚོགས་ཆུང་ནས་གནས་ཚུལ་སྤེལ་འདུག
གཞན་ཡང་བཞུགས་སྒར་རྡ་རམ་ས་ལ་ཆགས་ཡུལ་ཀངྒ་ར་རྫོང་ཁུལ་དུ་ད་ཆ་ཉིན་རེ་བཞིན་མི་གྲངས་༤༠ ནས་༥༠ བར་ནད་དུག་འགོས་པའི་གནས་ཚུལ་ཡོང་གི་ཡོད་པ་རྫོང་དེ་ཉིད་ཀྱི་སྤྱི་ཁྱབ་སྨན་པས་ངོ་སྤྲོད་གནང་ཡོད་པ་དང་།
རྒྱ་གར་རྒྱལ་ཡོངས་ནང་འདི་ཚེས་༡༨ ཉིན་གྱི་ཕྱི་དྲོ་བར་ནད་ཀྱིས་མནར་བཞིན་པ་མི་གྲངས་༣༤༠༦༣༩ དང་། ནད་དུག་དེའི་དབང་གིས་ད་བར་མི་གྲངས་༤༤༤༥༢༩འདས་གྲོངས་སུ་ཕྱིན་ཡོད་པ་རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལས་ཁུངས་ནས་བསྒྲགས་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།