ནོར་གླིང་ཁུལ་དེ་ཏོག་དབྱིབས་ནད་ཡམས་ཀྱི་ཉེན་ཁ་ཆེ་བའི་ས་གནས་སུ་ངོས་འཛིན་བྱས་འདུག
བཞུགས་སྒར་རྡ་རམ་སཱ་ལའི་ཁུལ་དུ་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་པ་དང་ནོར་གླིང་ཁུལ་དེ་ཉེན་ཁ་ཆེ་བའི་ས་གནས་སུ་ངོས་འཛིན་བྱས་འདུག
ཉིན་འདི་ཚོར་བཞུགས་སྒར་རྡ་རམ་ས་ལ་ཁུལ་དུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་བསྟུན། ནོར་གླིང་ཁུལ་དེ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མང་ཤོས་ཆགས་ཡོད་སྟབས། ད་ལྟའི་ཆར་རྒྱ་གར་ཀཱང་རཱ་རྫོང་གིས་ནོར་གླིང་དེ་བཞིན་(Containment Zone)་ཞེས་ཉེན་ཁ་ཆེ་བའི་ས་གནས་སུ་ངོས་འཛིན་གྱིས། ནོར་གླིང་ཁུལ་དུ་གནས་སྡོད་བྱེད་མཁན་ཚོ་ཕྱི་ཟླ་༡༠་ཚེས་༡་བར་ནོར་གླིང་ནས་རྒྱང་ཐག་རྨིས་ཊར་༡༠༠་ཙམ་ལས་འགྲོ་སྐྱོད་མི་ཆོག་པ་བཟོས་འདུག
གནས་སྟངས་དེའི་འོག་འདི་ཚེས་༢༣་ཉིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ། ནོར་གླིང་ལས་བྱེད་དང་དེ་དག་གི་ནང་མི་གཙོའི་ནོར་གླིང་ཁུལ་གྱི་ཁ་ཐོར་མི་མང་ཚང་མར་ཏོག་དབྱིབས་རིམས་ནད་འགོས་ཡོད་མེད་བརྟག་དཔྱད་བྱས་ཡོད་པ་དང་། ནོར་གླིང་འགན་འཛིན་བདེ་ཆེན་རྣམ་གྲོལ་ལགས་ནས་ཐེངས་འདིར་ནོར་གླིང་ལས་བྱེད་དང་ནང་མི་༢༥༠་དང་ཁ་ཐོར་མི་གྲངས་༡༡༠་བཅས་ཁྱོན་མི་གྲངས་༣༦༠་ལ་ནད་རྟགས་ཡོད་མེད་བརྟག་དཔྱད་བྱས་ཡོད་པ་ལས་ད་བར་ནོར་གླིང་ཁུལ་དུ་ནད་པ་༣༣་ཐོན་ཡོད་པ་དང་། དེའི་ཁྲོད་བྱིས་པ་༡༤་ཡོད་པ་གསུངས་བྱུང་།
གཞན་ཡང་འདི་ཚེས་༢༣་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་རིམས་ནད་སྔོན་འགོག་ཛ་དྲག་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་༧༨་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་འགྲུབ་ལགས་ཀྱིས། ད་ལྟའི་ཆར་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་ཏུ་ནད་པ་༡༥༠་ཡོད་པ་ལས་རྡ་ས་ཁུལ་དུ་ནད་པ་༨༨་བཅས་མང་ཤོས་ཆགས་ཀྱི་ཡོད་སྟབས། གནས་སྐབས་རིང་རྡ་ས་ཁུལ་གྱི་སྲི་ཞུ་ལས་བྱེད་པ་དང་། མི་མང་ཚོ་མི་མང་འདུ་འཛོམས་བྱེད་ཡུལ་དང་། ཟ་ཁང་དང་ཇ་ཁང་སོགས་སུ་འགྲོ་མཚམས་འཇོག་དགོས་པའི་འབོད་སྐུལ་དང་བཅས། བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་རིམས་ནད་སྔོན་འགོག་ཚོགས་ཆུང་གི་ངོས་ནས་རྡ་ས་ཁུལ་གྱི་མི་མང་འདུ་འཛོམས་སར་ལྟ་ཞིབ་ཆེད་སྐོར་སྐྱོད་བྱ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།
ཡང་འཕྲོད་བསྟེན་དྲུང་ཆེ་ལགས་ཀྱིས། ཐེངས་འདིར་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཐོན་མཁན་ཁྲོད་མང་ཆེ་ཤོས་བྱིས་པ་ཡིན་པ་དང་། ད་ལྟའི་ཆར་བཞུགས་སྒར་ཁུལ་གྱི་ནད་རྟགས་ཐོན་མཁན་ཁྲོད་ལོ་ན་༡༧་མན་གྱི་ལོ་ཆུང་མང་པོ་ཡོང་གི་ཡོད་སྟབས། ཐེངས་འདིར་ཏོག་དབྱིབས་ནད་རླབས་གསུམ་པར་དོགས་གཞི་བྱས་ན་མི་འགྲིག་པ་མེད་སྐོར་གསུངས་སོང་།
བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་སྔོན་འགོག་ཛ་དྲག་ཚོགས་ཆུང་གི་གྲངས་ཐོ་ལྟར་ན། དེ་རིང་ཕྱི་ཟླ་༩་ཚེས་༢༣་བར་རྒྱ་གར་དང་བལ་ཡུལ། འབྲུག་བཅས་སུ་ཁྱོན་བོད་མི་ནད་པ་གྲངས་༦༣༨༩་ཐོན་ཡོད་པ་ལས། དྲག་སྐྱེད་བྱུང་བའི་ནད་པ་གྲངས་༦༡༡༠་དང་། ད་ལྟ་ནད་མནར་འོག་ཡོད་པ་༡༢༩། འདས་གྲོངས་སུ་སོང་བ་ནད་པ་༡༥༠་བཅས་བྱུང་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།