རྒྱ་གར་ལྷོ་ཕྱོགས་སུ་བོད་མི་ཏོག་དབྱིབས་ནད་པ་ཇེ་མང་དང་བགྲེས་སོང་ཞིག་འདས་གྲོངས་སུ་ཕྱིན་འདུག

རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ཁོངས་སུ་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་བཅོ་བརྒྱད་བྱུང་བ་ལས་བོད་མི་བགྲེས་སོང་ཞིག་འདས་གྲོངས་སུ་ཕྱིན་འདུག
དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༧ཉིན་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་གྲོང་སྡེ་ཁག་གསུམ་གྱི་ནང་(covid 19)ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་ཁྱོན་༡༨བྱུང་ཡོད་པ་དང་། དེའི་ཁྲོད་ཀྱི་བོད་མི་བགྲེས་སོང་ཤིག་འདས་གྲོངས་སུ་ཕྱིན་ཡོད་པ་རབ་རྒྱས་གླིང་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་ཡོད།
ཁོང་གིས་གསུང་ན། དེ་སྔོན་གཞིས་ཁོངས་དེའི་ནང་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པ་ཁག་ཅིག་ཐོན་ཡོད་ན་ཡང་། རིམ་པས་དྲག་སྐྱེད་བྱུང་ཏེ་བར་སྐབས་ནད་པ་མེད། ཡིན་ཡང་ཉེ་ཆར་སླར་ཡང་ནད་པ་གསར་དུ་ཐོན་པ་དེ་ནི་གཞིས་ཆགས་ནང་ཕྱིར་ལོག་ཡོང་བའི་བོད་མི་ཁག་ཅིག་དང་། ཡང་གཞིས་ཆགས་ཀྱི་ཉེ་འགྲམ་གྲོང་ཁྱེར་ཁག་ཏུ་འགྲུལ་བཞུད་བྱེད་པ་ལས་ནད་ཡམས་དེ་འགོས་པ་ཚོད་དཔག་བྱ་རྒྱུ་ཙམ་ལས་གཙོ་བོ་འབྱུང་ཁུངས་འདི་རེད་ཅེས་བཤད་ཚོད་མི་ཐུབ་པ་ཞིག་མི་འདུག་ཅེས་དང་། གོང་ཞུས་བོད་མི་ཏོག་དབྱིབས་ནད་ཡམས་འགོས་པའི་གྲངས་འབོར་༡༨བྱུང་བའི་ཁྲོད་ནས་རབ་རྒྱས་གླིང་གཞིས་ཆགས་ལས་ཁུངས་ཀྱི་ལས་བྱེད་གཉིས་ཡང་ནད་པ་ཆགས་པར་བརྟེན་གཞིས་ཁུངས་དེའི་མང་ཚོགས་རྣམས་བདུན་ཕྲག་གཅིག་རིང་གཞིས་ཆགས་ལས་ཁུངས་ཀྱི་ནང་མི་བཅར་རྒྱུ་དང་། བོད་མི་སོ་སོ་རང་ཁྱིམ་ནས་ཕྱིར་མི་བསྐྱོད་པའི་ལམ་སྟོན་གནང་ཡོད་པ་ངོ་སྤྲོད་གནང་བྱུང་།
རབ་རྒྱས་གླིང་གཞིས་ཁོངས་སུ་ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གྲངས་༡༧ཡོད་པ་ལས། གཉིས་རང་མོས་ཀྱི་ཐོག་ནས་མེའི་སོར་གྲོང་ཁྱེར་གྱི་ནང་སྨན་བཅོས་གནང་བཞིན་ཡོད་པ་དང་། དྲུག་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འོག་ཟུར་བཀག་ནང་ཡོད་པ། གཞན་དགུ་ཁྱིམ་དུ་ཟུར་བཀག་འོག་གནས་ཡོད་པས། བོད་མི་ནད་པ་དེ་དག་ལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལམ་སྟོན་འོག་ཕྱི་ནང་གི་གསོ་བ་རིག་པའི་ལམ་ནས་སྨན་བཅོས་གནང་བཞིན་ཡོད་པ་རེད་འདུག
དེང་སྐབས་རྒྱ་གར་ནང་མུ་མཐུད་དུ་(covid-19)ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེ་བའི་ཛ་དྲག་གི་དུས་སྐབས་འདིར། ཉེ་ཆར་ནས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གཞིས་ཁོངས་སུ་ཡང་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་ཐོན་ཡོད་པ་རེད།
ཟླ་བ་འདིའི་ཕྱི་ཚེས་༢ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམ་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་༢༩་ཡོད་པ་རེད། དེའི་རྗེས་ཕྱི་ཚེས་༦བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཏོག་དབྱིབས་ནད་ཡམས་ཕོག་པའི་ནད་པ་༧བྱུང་བ་དང་། ད་ལྟའི་ཆར་སྦེ་ལ་ཀོ་པི་གཞིས་ཁུངས་ཀྱི་ནང་ནད་པ་༢དང་། ཀོ་ལེ་གྷལ་གཞིས་ཁུངས་ཀྱི་ནང་གཅིག་ཡོད་པ་རེད་འདུག