རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཁྲོད་འདས་གྲོངས་སུ་ཕྱིན་པའི་ནད་པ་འབུམ་གཉིས་བརྒལ།

2021.04.28
རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཁྲོད་འདས་གྲོངས་སུ་ཕྱིན་པའི་ནད་པ་འབུམ་གཉིས་བརྒལ། ལྡི་ལིར་ཐང་ཆེན་ཞིག་ཏུ་ཏོག་དབྱིབས་ནད་ཡམས་ཕོག་ནས་གྲོངས་ཟིན་པའི་ཕུང་པོ་མང་པོ་མེར་སྲེག་བཞིན་པ། ༤།༢༨།༢༡
Reuters

རྒྱ་གར་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་རླབས་རྒྱུན་གཉིས་པ་བྱུང་ནས་ནད་པ་འབུམ་གཉིས་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།
ཉེ་ལམ་ནས་རྒྱ་གར་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་རླབས་རྒྱུན་གཉིས་པ་ཞིག་བྱུང་ནས། རྒྱ་གར་གྱི་སྨན་ཁང་ཁག་ཏུ་ཛ་དྲག་ནད་པར་སྲོག་འཛིན་རླུང་དཀོན་པ་དང་། སྨན་བཅོས་ཡོ་ཆས་མ་འདེང་བ། དེ་བཞིན་ནད་པའི་གྲངས་འབོར་ཉིན་རེ་བཞིན་ཕོན་ཆེན་འཕར་བ་སོགས་ཀྱི་ཛ་དྲག་གི་གནས་སྟངས་འོག འདི་ཚེས་༢༨་རེས་གཟའ་ལྷག་པ་བར་ནད་པ་འདས་གྲོངས་སུ་ཕྱིན་པའི་གྲངས་ཀ་འབུམ་གཉིས་བརྒལ་ཡོད་པ་དང་། དེ་ནི་རྒྱ་གར་རྒྱལ་ཁབ་དེའི་ནང་མི་ཤི་སྐྱོན་ཆག་གི་གནས་སྟངས་སྡུག་ཤོས་ཀྱི་ཉིན་མོ་ཡིན་ཞིང་། ད་རེས་ཀྱི་གཟའ་འཁོར་འདིའི་ནང་ཉིན་རེར་ཉུང་མཐར་ཡང་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་གསར་པ་མི་འབུམ་གསུམ་རེ་ཐོན་ནས། རྒྱ་གར་གྱི་འཕྲོད་བསྟེན་ལྟ་སྐྱོང་གི་ཆ་རྐྱེན་དང་ཕུང་པོ་མེ་སྲེག་གཏོང་རྒྱུ། ཕུང་པོ་མེ་སྲེག་ལ་མཁོ་བའི་ས་སྣུམ་དང་འབུད་ཤིང་རིན་གོང་འཕར་ཏེ་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཛ་དྲག་གི་རོགས་རམ་དགོས་གལ་ཆེན་པོ་ཡོད་པ་རེད།
རེས་གཟའ་ལྷག་པའི་ཚོུད་༢༤་ནང་། ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་གསར་པ་འབུམ་གསུམ་དང་དྲུག་ཁྲི་སྟོང་མེད་དགུ་བརྒྱ་དྲུག་ཅུ་ཐོན་ཡོད་པ་དང་། དེ་ནི་འཛམ་གླིང་གི་ཡུལ་ལུང་ཁག་གི་ནང་ཉིན་གཅིག་གི་རིང་ནད་པ་གསར་ཐོན་གྱི་གྲངས་འབོར་མང་ཤོས་དེ་ཡིན་པ་རེད། ཡིན་པ་ཡང་ཆེད་ལས་མི་སྣས་ནད་པ་དང་ཤི་བའི་གྲངས་འབོར་དེ་རྒྱ་གར་གཞུང་གིས་བཏོན་པའི་བསྡོམས་རྩིས་ལས་གྲངས་ཀ་མང་བ་ཡོད་པ་ངོས་འཛིན་བྱེད་བཞིན་པ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཚོན་ན། སྨན་ཁང་ཁག་ཏུ་མྱུར་སྐྱོབ་ཀྱི་མོ་ཊ་ཚོུད་འགའ་ཤས་བང་སྒྲིག་ནས་ཏོག་དབྱིབས་ནད་པ་རྐྱེན་འདས་སུ་ཕྱིན་པའི་ཕུང་པོ་མེ་སྲེག་གཏོང་ཡུལ་དུར་ཁྲོད་མ་རག་པར་སྤྱི་གླིང་དང་། མོ་ཊ་འཇོག་ཡུལ་ཐང་ཆེན་སོགས་ས་སྟོང་དུ་འོར་འདྲེན་བྱས་ནས་། ཕུར་པོ་གྲལ་བསྟར་སྒྲིག་ནས་མེ་སྲེག་གཏོང་བཞིན་ཡོད་པ་མཐོང་རྒྱུ་ཡོད་པ་རེད།
རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པའི་འགོ་ཁྲིད་(Udaya Regmi)ཞུ་བས། འཛམ་གླིང་སྤྱི་ཡོངས་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་ཛ་དྲག་ཆེ་བའི་དཀའ་ངལ་ནང་ཚུད་ཡོད་པ་དང་། ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་གང་མགྱོགས་མི་རྒན་པ་ཚང་མར་ཁྱབ་ཐུབ་པ་བྱ་དགོས་པ་གསུངས་ཡོད་པ་རེད།
གནས་སྟངས་དེའི་འོག་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀོ་ཝིཌ་༡༩ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་པ་དང་། ལྷག་པར་རྒྱ་གར་ནང་བོད་མི་གནས་སྡོད་བྱེད་ཡུལ་བཞུགས་སྒར་རྡ་རམ་སཱ་ལ་དང་། ཝ་ར་ཎ་སི། ལྡེ་ར་ལྡུན། ཧོན་སུར། ཨོ་རིས་ས་བཅས་གཞིས་ཆགས་ཁག་ལྔ་ཡི་ནང་དུ་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་སྡུག་པོ་ཡོད་པ་དང་། འཕྲོད་བསྟེན་ལས་ཁུངས་ལ་འབྱོར་བའི་གྲངས་ཐོ་གཞིགས་བཟུང་བྱས་ན། ནད་ཡམས་ཁྱབ་གདལ་བྱུང་བ་ནས་ད་བར་འདི་ཚེས་༢༢བར་རྒྱ་བལ་འབྲུག་གསུམ་ནང་བོད་མི་ཏོག་དབྱིབས་རིམས་ནད་ཕོག་པ་མི་གྲངས་༢༡༣༢་ཐོན་པའི་ཁྲོད་ནས་བོད་མི་༥༠་ཙམ་འདས་གྲོངས་སུ་ཕྱིན་ཡོད་པ་རེད།
རྒྱ་གར་ནང་ནད་ཡམས་ཁྱབ་གདལ་བྱུང་བ་ནས་ཕྱི་ཟླ་༤བའི་ཚེས་༢༨་ཉིན་གྱི་དགོང་མོ་བར། རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པའི་གྲངས་འབོར་ས་ཡ་བཅོ་བརྒྱད་དང་སུམ་འབུམ་དྲུག་ཁྲི་ལྷག་བརྒལ་ནས་མི་གྲངས་འབུམ་གཉིས་དང་བཞི་སྟོང་ལྷག་འདས་གྲོངས་སུ་ཕྱིན་ཡོད།
སྤྱི་ལོ་༢༠༡༩ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། འདི་ཚེས་༢༣་བར་འཛམ་གླིང་གི་རྒྱལ་ཁབ་དང་། ཡུལ་གྲུ་ཁག་༢༡༠ལྷག་གི་ནང་ནད་ཡམས་དེ་ཁྱབ་གདལ་ཕྱིན་ནས། ད་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་(148,859,866)་བྱུང་བའི་ཁྲོད། མི་གྲངས་(3,138,755)་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎