གནམ་གཤིས་འགྱུར་ལྡོག་ཐད་གྲོས་མཐུན་འཇོག་དཀའ་བ།
2009.12.17
༄༅༎ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧེ་གེན་དུ་ཚོགས་བཞིན་པའི་སའི་གོ་ལ་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ནང་འབྱོར་ལྡན་རྒྱལ་ཁབ་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་བསམ་ཚུལ་མི་མཐུན་པའི་དབང་གིས་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་སྤྲོད་ཕྱོགས་ཀྱི་གྲོས་མཐུན་འཇོག་རྒྱུ་ཁག་པོ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག་༎
རྒྱལ་སྤྱིའི་འཁོར་ཡུག་གི་ལྷན་ཚོགས་འདི་ཁ་སྔོན་ཚེས་བདུན་ཉིན་འགོ་ཚུགས་བྱས་ཏེ་ཚེས་བཅོ་བརྒྱད་རེས་གཟའ་པ་སངས་ཉིན་འཛམ་གླིང་ཚ་དྲོད་རྒྱས་པའི་དཀའ་ངལ་སེལ་ཐབས་སུ་མཁའ་དབྱིངས་སྟེང་དུག་རྗས་ཉུང་དུ་གཏོང་རྒྱུའི་ཚད་གཞི་གཏན་འབེབས་ཀྱི་གྲོས་མཐུན་འཇོག་རྒྱུའི་རེ་བ་བྱས་ཡོད་པ་དང་ཉིན་མཐའ་མའི་ལྷན་ཚོགས་སྐབས་ཚོགས་བཞུགས་རྒྱལ་ཁབ་ཁག་གིས་དབུ་འཁྲིད་ཚོ་ཡང་ལྷན་བཅར་ཞུ་རྩིས་ཡོད་པ་རེད་ ཡིན་ནའང་དུག་རྗས་ཀྱི་ཚད་གཞི་གཏན་འབེབས་བྱ་ཕྱོགས་ཐད་འབྱོར་ལྡན་རྒྱལ་ཁབ་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་དུག་རྗས་མང་ཤོས་གཏོང་མཁན་རྒྱ་ནག་དང་ཨ་རི་དབར་དུག་རྗས་ཀྱི་ཚད་གཞི་གཏན་འབེབས་སྐོར་འགལ་ཟླ་ཤུགས་ཆེ་ཡོད་པའི་རྐྱེན་ད་ལྟ་ཕན་ལྷན་ཚོགས་འདིའི་ཐོག་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱ་ཕྱོགས་སྐོར་གྲོས་མཐུན་གྱི་ཟིན་བྲིས་ཡང་བཀོད་ཐུབ་མེད་པ་རེད་ ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཨ་རིའི་ངོས་ནས་དུག་རྗས་ཀྱི་ཚད་གཞི་དེ་༢༠༡༠ནང་ཚུད་དེ་སྔ་༡༩༩༠ཐམ་པའི་ཚད་གཞི་ལས་བརྒྱ་ཆ་བཞི་ཙམ་གྱི་ཉུང་དུ་གཏོང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད་ རྒྱ་ནག་དང་རྒྱ་གར་ལྟ་བུ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོས་དུག་རྗས་ཀྱི་འབྱུང་རྐྱེན་གཙོ་བོ་ཨ་རི་གཙོས་པའི་ཡར་ཐོན་རྒྱལ་ཁབ་ཚོས་བཟོ་ལས་ལ་བརྟེན་ནས་ཡིན་པར་སོང་རྒྱལ་ཁབ་དེ་ཚོས་དུག་རྗས་ཀྱི་ཚད་གཞི་དེ་བས་ཉུང་དུ་གཏོང་རྒྱུའི་འགན་འཁྲི་ཆེ་བ་ཡོད་པའི་སྐོར་བརྗོད་ཀྱི་ཡོད་པ་རེད་ བསམ་ཚུལ་མི་མཐུན་པའི་གནས་སྟངས་དེར་རྐྱེན་པས་རྒྱ་ནག་གི་གྲོས་མོལ་སྐུ་ཚབ་ཚོས་ད་རེས་ཀྱི་ལྷན་ཚོགས་འདིའི་བརྒྱུད་འཁོར་ཡུག་གི་གྲོས་མཐུན་བཞག་ཐུབ་རྒྱུ་ཁག་པོ་ཡིན་པར་ངོས་འཛིན་བྱས་ཏེ་དོ་དམ་གྱི་གྲོས་མཐུན་ལས་ད་རེས་ཀྱི་ལྷན་ཚོགས་འདིའི་ཐོག་འཁོར་ཡུག་དང་འབྲེལ་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་གསལ་བསྒྲགས་བྱ་རྒྱུའི་གྲོས་འཆར་བཏོན་གྱི་ཡོད་པ་རེད་༎