དབོན་པོ་སྟོད་ཁུལ་དུ་གཞུང་འབྲེལ་འཛུགས་སྐྲུན་ཁག་མུ་མཐུད་གཉེར་རྒྱུ་དང་མི་མང་ལ་བརྟན་བརླིང་དགོས་པའི་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག

2024.03.04
དབོན་པོ་སྟོད་ཁུལ་དུ་གཞུང་འབྲེལ་འཛུགས་སྐྲུན་ཁག་མུ་མཐུད་གཉེར་རྒྱུ་དང་མི་མང་ལ་བརྟན་བརླིང་དགོས་པའི་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག རྒྱ་ནག་གི་ཉེན་རྟོག་པས་ཁམས་སྡེ་དགེ་རྫོང་ཁོངས་དབོན་སྟོད་ཁུལ་དུ་བོད་མི་ཚོ་འཛིན་བཟུང་སྐབས། ༠༢།༢༢།༢༠༢༤
RFA

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་ནས་བཟུང་། བོད་ཤར་ཕྱོགས་ཁམས་སྡེ་དགེ་དབོན་པོ་སྟོད་ཁུལ་དུ་ཡུལ་མི་ཚོས་རྒྱ་ནག་གཞུང་གིས་འབྲི་ཆུའི་རྒྱུད་དུ་ཆུ་མཛོད་གསར་རྒྱག་ལ་ངོ་རྒོལ་དང་འབྲེལ། རྒྱ་ནག་གཞུང་གིས་དབོན་པོ་སྟོད་ཀྱི་ས་གནས་ཡུལ་མི་ ༡༠༠༠ ལྷག་འཛིན་བཟུང་དང་མི་མང་ལ་བཅར་རྡུང་འདྲི་རྩད་རིགས་བྱས་ཡོད་པ་བཞིན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་སྡེ་དགེ་རྫོང་ཁྱོན་ཡོངས་དང་འཇོ་མདའ་རྫོང་ཁོངས་སུ་མི་མང་གི་འགྲོ་འདུག་སྐྱོད་གསུམ་ལ་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། དབོན་པོ་སྟོད་ཁུལ་དུ་རྒྱ་ནག་གི་གཞུང་འབྲེལ་དཔོན་རིགས་ཚོས་ཚོགས་འདུ་རིམ་པར་ཚོགས་ཏེ། གཞུང་གི་ལས་འཆར་དང་བཀོད་སྒྲིག་གི་ཇི་བཞིན་དང་ལེན་དགོས་པ་དང་། ས་གནས་དེ་ཁུལ་གྱི་དགོན་སྡེ་ཁག་གི་སྣེ་ཁྲིད་མཁན་ཚོས་མི་མང་ལ་སྐུལ་སློང་དགོས་པ་སོགས་ཀྱི་བཙན་ཐབས་བྱེད་བཞིན་ཡོད་པ། འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

640 (1).png
སྡེ་དགེ་དབོན་པོ་སྟོད་དུ་རྒྱ་ནག་གི་གཞུང་འབྲེལ་མི་སྣས་ལྟ་སྐོར་བྱེད་བཞིན་པ། ཕྱི་ཟླ་༢ཚེས་༢༩ཉིན། པར་དབང་། China State Media

ཡང་རྒྱ་ནག་གཞུང་འབྲེལ་དབོན་པོ་སྟོད་དྲིལ་བསྒྲགས་ལས་ཁུངས་ནས་གནས་ཚུལ་ཞིག་སྤེལ་བའི་ནང་། ཕྱི་ཟླ་ ༢ ཚེས་ ༢༩ ཉིན་རྒྱ་ནག་གཞུང་གིས་དབོན་པོ་སྟོད་གྲོང་ཚོའི་དམར་ཤོག་འཐུས་མི་དང་། གྲོང་ཚོའི་ལས་དོན་མི་སྣ།དགོན་པ་ཁག་གི་སྣེ་ཁྲིད་མཁན་སོགས་བསྡུས་ཏེ། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་གི་ཚོགས་ཆེན་གཉིས་སྐབས་ཀྱི་བདེ་འཇགས་དང་། ཕྱི་ཟླ་ ༣ ནང་དབོན་པོ་སྟོད་ཁུལ་གྱི་བརྟན་བརླིང་ཆེད་ཚོགས་འདུ་ཚོགས་ཡོད་པ་དང་། དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡ ཉིན་སྡེ་དགེ་རྫོང་དམར་ཤོག་ཚོགས་པའི་དྲུང་ཆེ་དབོན་པོ་སྟོད་ཁུལ་དུ་ཆེད་སྐྱོད་ཀྱིས་ཁུལ་དེའི་དགོན་སྡེ་ཁག་ཏུ་ལྟ་སྐོར་དང་འབྲེལ་སྤྱི་ཚོགས་བརྟན་བརླིང་ཡོང་དགོས་པའི་བཀོད་ཁྱབ་བཏང་ཡོད་སྐོར་བཀོད་འདུག་ལ། ཡང་འབྲེལ་ཡོད་བོད་མི་གཞན་ཞིག་ནས་དབོན་པོ་སྟོད་ཁུལ་གྱི་དུད་ཁྱིམ་རེ་རེའི་ནང་མི་གཅིག་རེ་ངེས་ཕེབས་དགོས་པའི་བཀོད་ཁྱབ་འོག ཆུ་མཛོད་འཛུགས་སྐྲུན་སོགས་མུ་མཐུད་གཉེར་དགོས་པས་ངོ་རྒོལ་དང་ཟིང་སློང་བའི་རིགས་ལ་གུ་ཡངས་རྩ་ནས་གཏོང་རྒྱུ་མིན་པ་སོགས་བརྗོད་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

640.png
སྡེ་དགེ་དབོན་པོ་སྟོད་དུ་རྒྱ་ནག་གི་གཞུང་འབྲེལ་མི་སྣས་ལྟ་སྐོར་བྱེད་བཞིན་པ། ཕྱི་ཟླ་༢ཚེས་༢༩ཉིན། པར་དབང་། China State Media

རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་ལ་ངོ་རྒོལ་དང་འབྲེལ་དབོན་པོ་སྟོད་ཁུལ་དུ་མི་གྲངས་ ༡༠༠༠ ལྷག་འཛིན་བཟུང་བྱས་ཡོད་པ་བཞིན། ད་ལྟའི་ཆར་དམ་དྲགས་དང་ས་གནས་སུ་ཁ་པར་དྲ་ལམ་བཀག་པ་སོགས་ཀྱིས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ཁག་པོ་ཆགས་ཡོད་པ་དང་། འབྲེལ་ཡོད་གཞན་ཞིག་ནས་མུ་མཐུད་བརྗོད་དོན་ལ། དབོན་པོ་སྟོད་དུ་ཡེ་ན་དགོན་གྲོང་གཉིས་སུ་ངོ་རྒོལ་བྱུང་རྗེས། འཇོ་མདའ་རྫོང་གི་མངའ་ཁུལ་དུ་ཡོད་པའི་འབྲི་ཆུའི་རྒྱུད་ཀྱི་ས་གནས་ཁག་ཏུ་དམ་དྲགས་ཤུགས་ཆེར་བྱས་ཡོད་པ་དང་། ཕྱི་ཕྱོགས་སུ་ཡོད་པའི་ནང་མི་ཚོར་འབྲེལ་བ་བྱས་མི་ཡོང་བའི་རེ་སྐུལ་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་ལ། དབོན་པོ་སྟོད་ཁུལ་དུ་ངོ་རྒོལ་བྱུང་རྗེས་ཕྱི་ཟླ་ ༢ ཚེས་ ༢༥ ཉིན་འཇོ་མདའ་རྫོང་གི་དམར་ཤོག་དྲུང་ཆེ་པདྨ་བཀྲ་ཤིས་ཞུ་བ་ཉེ་འཁོར་གྲོང་ཚོ་ཁག་ཏུ་ཆེད་སྐྱོད་ཀྱིས་ཕྱི་ཟླ་ ༣ ནང་བརྟན་བརླིང་ཡོང་དགོས་པ་དང་། སྐམ་ཐོག་དང་དབོན་སྟོད་གྲོང་ཚོ་གཉིས་ནང་མི་མང་ལ་ཆུ་མཛོད་རྒྱག་དགོས་པའི་གལ་ཆེའི་རང་བཞིན་དང་། ས་གནས་ཀྱི་བརྟན་བརླིང་ཉེན་ཁ་གཏན་འགག་གིས་འཛུགས་སྐྲུན་ཁག་མུ་མཐུད་གཉེར་དགོས་སྐོར་བརྗོད་ཡོད་པ་འཇོ་མདའ་རྫོང་དམར་ཤོག་ཚོགས་པའི་དྲ་ལམ་དུ་སྤེལ་འདུག

རྒྱ་ནག་གཞུང་གིས་སྡེ་དགེ་རྫོང་ཁོངས་བརྒྱུད་པའི་འབྲི་ཆུའི་ཐོག་ཆུ་མཛོད་བརྒྱབ་ནས་ཆུ་ཤུགས་གློག་ཁང་གསར་རྒྱག་གི་ལས་གཞི་དེ་ནི་ལོ་མང་གོང་ནས་འཆར་གཞི་ཡོད་པ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་གཞུང་གིས་ལས་གཞི་དེ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་བཞིན། སྡེ་དགེ་རྫོང་དང་འཇོ་མདའ་རྫོང་གཉིས་སུ་གྲོང་ཚོ་དང་དགོན་སྡེ་མང་དག་ཅིག་གནས་སྤོར་དགོས་བྱུང་གི་ཡོད་པ་བཞིན། འདི་ལོའི་ཕྱི་ཟླ་ ༢ བའི་ཚེས་ ༡༤ ཉིན་ས་གནས་ཀྱི་ཡུལ་མི་མང་པོ་ཞིག་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གི་སྒོ་འགྲམ་དུ་འདུ་འཛོམས་ཀྱིས་ལས་གཞི་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་ཞུ་འབོད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་རྗེས། ཕྱི་ཟླ་ ༢ ཚེས་ ༢༠ ཉིན་གཞུང་ཕྱོགས་ཀྱི་འབྲེལ་ཡོད་མི་སྣ་དང་ཉེན་རྟོག་དམག་མི་ས་ཁུལ་དེར་འབྱོར་ནས་དགོན་པ་གཏོར་དགོས་པའི་སྐོར་གླེང་སློང་བྱས་སྟབས། མི་དམངས་ནས་དགོན་པ་གཏོར་མི་རུང་བའི་ཡར་ཞུ་དང་ངོ་རྒོལ་བྱས་པས། མི་སྣ་འཛིན་བཟུང་དང་འདྲི་རྩད་སོགས་ཛ་དྲག་ཅན་གྱི་གནས་སྟངས་ཆགས་ཡོད་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།     
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎