བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བསྐོ་འཛུགས།
སྤྱི་ལོ་༢༠༢༣ ལོའི་སྤྱི་ཟླ་༣ པའི་ཚེས་༢༥ རེས་གཟའ་སྤེན་པའི་ཉིན་སྐབས་༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༥ པའི་ལས་ཉིན་མཐའ་མའི་སྐབས་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བསྐོ་འཛུགས་བྱ་རྒྱུ་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་༣༣པ་དེ་བཞིན་གྲོས་ཚོགས་ནང་སྒྲོག་སྦྱངས་གནང་བའི་ནང་། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཆེད་ཚོགས་གཙོ་སྤྲེལ་པོས་ཚོགས་མི་ལྔ་ལས་གྲུབ་པའི་ཆེད་འཛུགས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་དགོས་ཤིང་། ཚོགས་ཆུང་དེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་ཐོག་ད་དུང་གསལ་ཁ་དགོས་ངེས་ཡོད་པར་བསྐྱར་བཅོས་ཇི་དགོས་དང་། དེ་འབྲེལ་ཁྲིམས་སྒྲིག་གཞན་ཁག་ལའང་བསྐྱར་བཅོས་ཇི་དགོས་བསྐྱར་ཞིབ་གནང་ནས་བསྐྱར་བཅོས་ཟིན་བྲིས་བཟོ་འགོད་གནང་ཕྱོགས་གོ་བསྡུར་གྱིས་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང་འཆར་འབུལ་གྱི་ཟིན་བྲིས་བཅས་སྤྱི་ལོ་༢༠༢༤ ལོའི་སྤྱི་ཟླ༢ པའི་ཟླ་མཇུག་ཏུ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་ཡོད་པ་དགོས་རྒྱུའིསྤྱི་མོས་སམ་མང་མོས་གྲོས་ཆོད་ཅེས་སྒྲོག་སྦྱངས་གནང་སྟེ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་རྒྱབ་སྐྱོར་གནང་བའི་རྗེས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་གྲོས་འཆར་དེར་རྒྱབ་སྐྱོར་བྱེད་རྒྱུའི་གནས་བབ་མེད་པའི་སྐོར་གསུངས་ཤིང་། ཚོགས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་གི་ལོ་གཅིག་གི་འགྲོ་མགྲོན་དེ་ཡང་ཧིན་སྒོར་འབུམ་༣༠ ཙམ་འགྲོ་རྒྱུ་ཡིན་པ་ཚོད་དཔག་དང་སྦྲགས་གཏན་འབེབས་ཡོང་བར་དགག་པ་སྐྱོན་གནང་།
ཡང་མུ་མཐུད་བགྲོ་གླེང་གནང་བའི་སྐབས་སྤྱི་འཐུས་ཁག་ཅིག་གིས་གྲོས་ཆོད་དེར་རྒྱབ་སྐྱོར་གྱིས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ནང་ངེས་པར་དུ་ཁྲིམས་ལུགས་ཀྱི་ཐོག་ལ་ཉམས་མྱོང་དང་ཤེས་ལྡན་མི་སྣ་དགོས་གལ་ཆེ་བའི་སྐོར་དགོངས་ཚུལ་གླེང་ཞིང་། ཡང་སྤྱི་འཐུས་འགའ་ཤས་ཀྱིས་ཚོགས་ཆུང་གི་གྲུབ་ཆའི་ནང་སྤྱི་འཐུས་སླེབས་པ་ཡིན་ན། རྒྱབ་སྐྱོར་མེད་པ་འགྲེལ་བརྗོད་གནང་སོང་ལ། ཡང་སྤྱི་འཐུས་དཀོན་མཆོག་ཆོས་སྒྲོན་ལགས་ཀྱིས་དཀའ་ངལ་དེ་དག་ནི་ཡིག་ཆང་༣༩ པ་གཏན་འབེབས་བྱས་པའི་རྗེས་འབྲས་ཡིན་པས། ཡིག་ཆ་དེའི་གནད་དོན་ཁག་གཙང་མ་མ་བཟོས་བར་དུ་མུ་མཐུད་དགག་པ་རྒྱབ་རྒྱུ་ཡིན་པ་གསུངས་ཤིང་། ཟིན་བྲིས་ཚོགས་ཆུང་བཙུགས་པ་ཡིན་ནའང་དཀའ་ངལ་དེ་མུ་མཐུད་ཡོང་རྒྱུ་ཡིན་པ་གསུངས་སོང་།
གང་ལྟར་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་༣༣ པའི་ཐོག་སྤྱི་འཐུས་ནང་ཁུལ་བགྲོ་གླེང་རིམ་པ་གནང་བའི་རྗེས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་བསྐོ་གཞག་དང་འབྲེལ་བའི་གྲོས་ཆོད་དེ་གཏན་འབེབས་ཐུབ་མིན་གྱི་འོས་བསྡུ་གནང་སྐབས་དགག་བྱ་གནང་མཁན་སྤྱི་འཐུས་༤ དང་། རྒྱབ་སྐྱོར་གནང་མཁན་༢༨ བྱུང་སྟེ་མང་མོས་ཀྱི་ཐོག་ནས་གྲོས་ཆོད་དེ་གཏན་འབེབས་གནང་།
དེར་བརྟེན་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་ངོས་ནས་༢༠༢༤ ལོའི་སྤྱི་ཟླ་༢ པའི་ཟླ་་མཇུག་ཏུ་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དེ་བཞིན་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས་རྒྱུ་ཞེས་ད་རེས་དངོས་སུ་གཏན་འབེབས་ཟིན་ཡོད་པ་དང་། དེ་ཡང་ཚོགས་ཆུང་གིས་དོ་ནན་བྱེད་ཡུལ་གཙོ་བོ་ཞིག་ནི། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་ཆ་རྐྱེན་འོས་ཆོས་སོགས་དང་འབྲེལ་བ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྙན་ཐོ་འདོན་སྤེལ་གནང་རྒྱུ་དེ་ཡིན་པ་རེད།
གཞི་རྩའི་ཆ་ནས་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཡིག་ཆ་ཨང་༡༩པ་དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ འདི་ཚེས་༢༢ཉིན་་གྲོས་ཚོགས་ལས་རིམ་དུ་བཏོན་ཏེ་སྤྱི་ཟླ་༣ པའི་ཚེས་༢༣ཉིན་གྱི་གྲོས་ཚོགས་ལས་རིམ་དུ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཁྲིམས་འཆར་ཡིག་ཆ་ཨང་༡༩པ་དེར་གཏན་འབེབས་ཐུབ་མིན་གྱི་འོས་བསྡུ་གནང་སྐབས་གྲོས་ཚོགས་འཐུས་མི་༢༥མ་གཏོགས་རྒྱབ་སྐྱོར་གནང་མཁན་མ་བྱུང་བར་བརྟེན། བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབས་ཐུབ་པར་སྤྱི་འཐུས་༤༥ཡོད་པའི་རྩ་འབོར་གྱི་གསུམ་ཆ་གཉིས་ཏེ་སྤྱི་འཐུས་༣༠་ཡིས་རྒྱབ་སྐྱོར་གནང་དགོས་པས་རྩ་འབོར་མ་ལོན་པར་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་གཏན་འབེབས་གནང་མ་ཐུབ་པར་ཟགས་ཡོད་པ་རེད།
གཞན་ཡང་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་མཐའ་མའི་སྐབས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེར་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྒྱུར་རྒྱུའི་མཇུག་སྐྱོང་ལས་དོན་བྱེད་སྒོ་རྣམས་འཕྲལ་མྱུར་ལག་བསྟར་དགོས་རྒྱུ་སོགས་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་༣༤ པ་དེ་བཞིན་མང་མོས་ཀྱིས་གཏན་འབེབས་གནང་བ་བཅས་ཚོགས་འདུ་མཇུག་བསྒྲིལ་གནང་།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།