ཨ་རིའི་སྲིད་འཛིན་གསར་པས་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་བཞེས་པར་བོད་མིའི་དབུ་ཁྲིད་རྣམས་ནས་འཚམས་འདྲི་ཞུས་པ།
གནས་ཚུལ་རྒྱས་པ་གསར་འགོད་པ་བདེ་ཆེན་དབང་མོ་ཡིས་སྙན་སྒྲོན་གནང་བར་གསན་རོགས།
༢༠༢༥ ཟླ་ ༡ ཚེས་ ༢༠ ཕྱི་དྲོའི་ཕྱག་ཚོད་ ༡༢ ཐོག་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) མཆོག་གིས་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཊོན་གྱི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུ། ཨ་རིའི་སྲིད་འཛིན་ ༤༧ པའི་མཚན་གནས་འགན་འཁུར་གྱི་དམ་བཅའ་ཕུལ་གནང་ཡོད་པ་དེར་རྒྱ་ཁབ་ཁག་གི་འགོ་ཁྲིད་རྣམས་ཀྱིས་ཁོང་ལ་འཚམས་འདྲི་ཞུས་གནང་ཡོད་པ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་པའི་བོད་མིའི་འགོ་ཁྲིད་རྣམས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཀྱང་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལཌི་ཊམཔ་ (Donald Trump) མཆོག་ལ་འཚམས་འདྲི་ཞུས་ཡོད་པ་རེད།
དེ་ཡང་ཨ་རིའི་གཞུང་ནས་ལོ་མང་རིང་བོད་མི་རྣམས་ལ་ཆབ་སྲིད་ཐད་གྲོས་ཚོགས་གོང་འོག་གཉིས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་ལ། དཔལ་འབྱོར་གྱི་མཐུན་རྐྱེན་ཡང་སྦྱོར་ཡོད་པས། དཔལ་འབྱོར་མཐུན་རྐྱེན་དང་རོགས་སྐྱོར་དེ་མུ་མཐུད་གནང་ཐབས་སུ་བོད་མིའི་སྒྲིག་འཛུགས་ངོས་ནས་ཞུ་སྐུལ་གནང་རྒྱུ་དང་། སྲིད་འཛིན་མཆོག་གིས་དམ་འབུལ་གྱི་གསུང་བཤད་གནང་སྐབས་པཱ་ནཱ་མའི་གནད་དོན་སོགས་དང་འབྲེལ་རྒྱ་ནག་དང་འབྲེལ་བའི་གསུང་བཤད་ཁ་ཤས་གནང་ཡོད་པ་དེར་གཞིར་བཞག་གིས། ཨ་རིའི་གཞུང་འཛིན་གསར་པས་རྒྱ་ནག་དང་བོད་དོན་ཐོག་སྲིད་བྱུས་འཛིན་ཕྱོགས་ཐད་བོད་མིའི་སྒྲིག་འཛུགས་ངོས་ནས་ཐུགས་ཞིབ་གནང་བཞིན་ཡོད་སྐོར་དང་། རྩ་བའི་ཨ་རིའི་སྲིད་གཞུང་གསར་པའི་བཀའ་ཤག་ནང་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཕལ་ཆེ་ཡོད་དུས། འདས་པའི་ལོ་མང་རིང་ཨ་རིའི་གཞུང་ནས་གཏན་འབེབས་གནང་བའི་བོད་དོན་ཁྲིམས་ཡིག་ཁག་ལག་བསྟར་སོགས་བོད་དོན་རྒྱབ་སྐྱོར་མུ་མཐུད་ཡོང་རྒྱུའི་ཐད་རེ་བ་གང་ལེགས་གནང་གི་ཡོད་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་དྲ་ཚིགས་ཐོག་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལཌི་ཊམཔ་ (Donald Trump) མཆོག་ལ་འཚམས་འདྲི་ཞུས་པའི་ནང་ཁོང་གིས། ཨ་རིའི་རྒྱལ་ཁབ་ནི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། འགྲོ་བ་མིའི་ཆེ་མཐོང་བཅས་སྲུང་སྐྱོབ་གོང་འཕེལ་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མཚོན་གྱི་ཡོད་པས། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་སྐུ་ཉིད་ནས་མུ་མཐུད་རྒྱབ་སྐྱོར་མཐུན་འགྱུར་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད་ཅེས་དང་། ཨ་རིའི་སྲིད་དོན་ཚོགས་པ་དབྱེར་མེད་ཀྱི་ཐོག་ནས་དེ་གའི་གཞུང་དང་། མི་མང་བཅས་ནས་བོད་དོན་ཐོག་ད་བར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སྐུ་ཞབས་ཌོ་ནལཌི་ཊམཔ་ (Donald Trump) མཆོག་གི་དབུ་ཁྲིད་འོག་ཁོང་རྣམས་སྔར་ལས་ལྷག་པའི་མཉམ་ལས་གནང་ཐུབ་པའི་རེ་བ་དང་། ཡིད་ཆེས་བརྟན་པོ་ཡོད་མ་ཟད། སྐུ་ཞབས་ཌོ་ནལཌི་ཊམཔ་ (Donald Trump) མཆོག་གི་སྲིད་འཛིན་ལས་ཡུན་རིང་ཨ་རིའི་མི་མང་གི་མངོན་འདོད་འགྲུབ་རྒྱུ་སོགས་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བ་དང་། དེ་བཞིན་འཛམ་གླིང་ནང་ཞི་བདེ་དང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གང་ལེགས་ཡོང་བའི་རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག་ལ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ནས་ཀྱང་ཨ་རིའི་བདམས་ཐོན་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) ལ་འཚམས་འདྲི་ཞུས་པ་དང་སྦྲགས་སྲིད་འཛིན་མཆོག་ནས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་དང་། ཉེ་ལམ་གཏན་འབེབས་བྱུང་བའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་དེད་གཏོང་བའི་ཁྲིམས་ཡིག་ལག་བསྟར་དགོས་པ་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ཀྱང་སྐུ་ཞབས་ཌོ་ནལཌི་ཊམཔ་ (Donald Trump) མཆོག་གིས་སྲིད་འཛིན་དམ་འབུལ་བཞེས་པར་འཚམས་འདྲི་གནང་གི་འདུག དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ནས། ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) མཆོག་ནས་ཟླ་ ༡ ཚེས་ ༢༠ ཉིན་སྲིད་འཛིན་གྱི་དམ་འབུལ་ཞུས་ཏེ་ལེགས་གྲུབ་བྱུང་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་འཚམས་འདྲི་དང་སྦྲགས། སྲིད་འཛིན་གྱི་དུས་ཡུན་རིང་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཡོད་ཅེས་གསུངས་བྱུང་ལ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས། ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) མཆོག་ལ་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་འཚམས་འདྲི་དང་། ཉེ་ལམ་ཨ་རིའི་གཞུང་ནས་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་ལག་བསྟར་ཐད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་དང་། ལྷག་པར་བོད་ནང་གི་བོད་མིའི་རང་དབང་དང་བོད་མཐོ་སྒང་གི་ཁོར་ཡུག་དེ་བོད་ཙམ་དུ་མ་ཡིན་པར་རྒྱལ་ཁབ་མང་པོའི་བདེ་འཇགས་ལ་འབྲེལ་བ་ཤུགས་ཆེ་ཡོད་པར་ངོས་འཛིན་གྱིས། བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་སླད་ཐུགས་སྣང་ཡོང་བའི་རེ་བ་ཞུས་གནང་སོང་།
གཞི་རྩའི་ཁ་སང་ཟླ་འདིའི་ཚེས་ ༢༠ ཉིན་སྐུ་ཞབས་ཌོ་ནལཌི་ཊམཔ་ (Donald Trump) མཆོག་གིས་ཨ་རིའི་སྲིད་འཛིན་གྱི་དམ་འབུལ་བཞེས་ཤིང་མཚན་གནས་འགན་བཞེས་ཀྱི་གསུང་བཤད་སྐབས། སྲིད་འཛིན་ཊམ་མཆོག་གིས་ཨ་མི་རི་ཀའི་གསེར་གྱི་དུས་རབས་གསར་པ་ཞིག་དེ་རིང་ནས་འགོ་ཚུགས་པ་རེད་ཅེས་གསུངས་ཏེ་ལས་འཁུར་དམ་འབུལ་གསུང་བཤད་དབུ་བརྩམས་ནས་རྒྱལ་སྤྱིའི་གནས་བབ་དང་རྒྱལ་ཁབ་ཀྱི་གནད་དོན། མཐའ་མཚམས་སྲུང་སྐྱོབ་ཀྱི་གནད་དོན། རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ཀྱི་ཐད་མ་འོངས་པའི་དགོངས་ཚུལ་གསལ་བཤད་གནང་བ་དང་། དེ་བཞིན་དུ་རང་དབང་དང་མང་གཙོ། སྨྲ་བརྗོད་རང་དབང་སྤྲོད་རྒྱུ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
གཞན་ཡང་ཨ་རི་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) མཆོག་ནས་ཨ་རིའི་སྲིད་འཛིན་གསར་པས་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་བཞེས་པར་རྒྱ་གར་དང་ཉེ་ཧོང་། ཐེ་ཝན་དང་མལ་དྷིབ། ཨོ་སི་ཀྲི་ལི་ཡ་སོགས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ཀྱིས་སྤྱི་ཚོགས་དྲྭ་ལམ་ (X) ནང་ཁོང་ལ་འཚམས་འདྲི་ཞུས་གནང་འདུག
གསར་འགོད་པ། བདེ་ཆེན་དབང་མོ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།