ཚན་རིག་པ་དང་ནང་པའི་མཁས་དབང་གི་བགྲོ་གླེང་ལྷན་ཚོགས།
2011.12.16
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་ཚོགས་པའི་ཚན་རིག་པ་དང་ནང་པའི་མཁས་དབང་དབར་ཉིན་གསུམ་གྱི་བགྲོ་གླེང་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་དབུ་བཞུགས་ཀྱིས་བཀའ་སློབ་སྩལ་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག
ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༦ཀྱི་སྔ་དྲོའི་ཚོུད་༩པའི་ཐོག་ཨ་རིའི་སན་ཕན་སི་སེ་ཁོའོ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་གཤམ་མཛོད་ཁང་དང་ རྡ་ས་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱིས་གོ་སྒྲིག་གནང་ཐོག་ ཀྲེམ་པལ་ཀྲེན་(Templeton)ཐེབས་རྩ་དང་ ས་སྒར་ཁྱིམ་ཚང་ཐེབས་རྩ་བཅས་ཀྱི་རྒྱབ་སྐྱོར་འོག་རྡ་སྟེང་བོད་ཁྱིམ་སློབ་གྲའི་ཚོགས་ཁང་དུ་ཚན་རིག་པ་དང་ནང་པའི་མཁས་དབང་དབར་ཉིན་གསུམ་གྱི་བགྲོ་གླེང་ཚོགས་འདུ་དེ་དབུ་ཚུགས་གནང་ཡོད་པ་དང་ བགྲོ་གླེང་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་སྨིན་སྩལ་ཐོབ་སྟེ་ཚོགས་འདུའི་དབུ་འབྱེད་མཛད་སྒོར་དབུ་བཞུགས་ཐོག་རྒྱ་གར་དང་ཨ་རི་བཅས་ཀྱི་ཚན་རིག་པ་ཁག་ཅིག་དང་ ནང་པའི་མཁས་དབང་དབར་འཇིགས་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པ་ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་དབུ་འཛུགས་གནང་ཡོད་ཅིང་ བགྲོ་གླེང་དབུ་འཛུགས་མཛད་སྒོའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བའི་སྙིང་དོན་དུ་ ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་མང་ཞིག་ཕྱིན་ཡོད་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་བརྒྱུད་འཛམ་གླིང་འདིའི་ཐོག་བྱུང་ནས་ལོ་ངོ་ཉིས་སྟོང་དྲུག་བརྒྱ་ཡོངས་གྲགས་སུ་རྩིས་ན་དེ་འདྲ་ཞིག་ཡིན་ དེ་བཞིན་མགོན་པོ་ཀླུ་སྒྲུབ་ལ་སོགས་པ་གཙོ་བོ་ན་ལེན་ཊའི་མཁས་པ་རྣམས་ ང་ཚོའི་སངས་རྒྱས་ཀྱི་ཆོས་པ་ཞིག་གི་ངོས་ནས་བཤད་ན་ དངོས་གནས་དྲང་གནས་ཀྱི་སྟོན་པ་དང་སློབ་དཔོན་ཞུ་གི་རེད་ཅེས་བཀའ་སྩལ་གནང་མཛད་འདགུ
ཉིན་གསུམ་རིང་ཚོགས་རྒྱུའི་ཚན་རིག་དང་ནང་ཆོས་མཁས་དབང་གྱི་བགྲོ་གླེང་ལྷན་ཚོགས་རིང་བརྗོད་གཞི་གཙོ་བོ་ནི་ འཇིག་རྟེན་ཁམས་ནང་ཚེ་སྲོག་དང་རྣམ་ཤེས་ སེམས་ཀྱི་རང་བཞིན་དང་རྣམ་ཤེས་ ཤེས་བྱ་དང་ཤེས་རྟོགས་ཀྱི་ཚད་གཞི་ སེམས་དང་ རིག་པ་ སྤྱོད་ལམ་ཏེ་ གཟུགས་ཅན་གྱི་ཀླད་པ་དང་ སེམས་ སྤྱོད་པ་ སེམས་ཚོར་བཅས་དབར་གྱི་འབྲེལ་བ་ལ་བརྟག་པ་ སེམས་དང་ བདེ་སྐྱིད་ ཞི་བདེ་བཅས་ཀྱི་ཐོག་ལ་ནང་པའི་ལྟ་ཚུལ་དང་ ཡུལ་རྟོགས་ཚན་རིག་དཔྱད་ཞིབ་བྱེད་པ་ འགྲོ་བ་མིའི་རིགས་ལ་ཞབས་འདེགས་སྒྲུབ་པ་ ནང་ཆོས་དང་ཚན་རིག་གཉིས་ཀྱིས་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་དང་ཤེས་ཡོན་ཐོག་ཞབས་འདེབས་ཇི་ལྟར་སྒྲུབ་ཐུབ་བམ་ ནང་ཚོས་དང་ཚན་རིག་ནང་གི་ཀུན་སྤྱོད་ཀྱི་རྣམ་གཞག་ཐོག་ལ་རྟོག་ཞིབ་བྱ་རྒྱུ་བཅས་ཡིན་འདུག