བོད་དོན་བགྲོ་གླེང་གི་ཚོགས་འདུ་ཞིག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ནང་ཚོགས་གཏན་འཁེལ་བ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཐུན་མོང་གིས་གོ་སྒྲིག་ཞུས་པའི་བོད་དོན་བགྲོ་གླེང་གི་ཚོགས་འདུ་ཞིག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ཏུ་ཕྱི་ཚེས་ ༡༤ ཉིན་ཚོགས་གཏན་འཁེལ་བ་དང་། ཚོགས་འདུའི་བརྗོད་གཞིར་ཅེག་སྤྱི་མཐུན་རྒྱལ་ཁབ་དང་ཡོ་རོབ་མཉམ་འབྲེལ་ཐོག་ནས་བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་ཐབས་ཇི་ཡོད་ཅེས་པའི་ཐད་གྲོས་བསྡུར་གནང་རྒྱུ་ཡིན་ཅིང་། ཚོགས་འདུའི་ཐོག་ཅེག་གི་གྲོས་ཚོགས་འཐུས་མི་དང་། ལྷག་པར་ཕྱི་སྲིད་བློན་ཆེན་གཞོན་པ་Jiří Kozák ཇིརི་ཀོཛཀ་གིས་ལྷན་ཞུགས་གནང་གི་འདུག་ལ། ཚོགས་འདུ་འདིར་ཆེད་དུ་ཕེབས་རྒྱུའི་བོད་མི་མང་སྤྱི་འཐུས་ཁག་ཅིག་གིས་ཕྱི་ཚེས་ ༡༣ ནས་བདུན་ཕྲག་གཅིག་ཙམ་གྱི་རིང་། ཡོ་རོབ་ཁུལ་དུ་ཕྱོགས་ཕེབས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐང་གི་གནས་བབ་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐོར་གླེང་སློང་གནང་རྒྱུས་མཚོན། བོད་མིའི་མང་གཙོའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་ཐོབ་ཐབས་གནང་རྒྱུ་ཡིན་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་འགན་འཛིན་བཀྲས་མཐོང་དབང་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། ཁོང་གིས་ད་དུང་། ད་ཪེས་ཀྱི་ཚོགས་འདུ་འདིའི་ཐོག་ནས་མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་ཐད་ལ་ལས་འཆར་ཡག་པོ་ཞིག་ཐོན་པའི་ཐུགས་རེ་ཡོད་པ་ཡང་གསུངས་བྱུང་།
ཕྱོགས་ཕེབས་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལཌ་ཀྱིས་སྤྱི་འཐུས་རྣམ་པའི་ཡོ་རོབ་ནང་གི་གཟིགས་སྐོར་འདི་བཞིན་འཛམ་གླིང་ནང་དཀའ་ངལ་མང་དག་ཅིག་འཕྲད་པའི་དུས་འདིར་རྒྱ་ནག་དང་བོད། དེ་བཞིན་ས་གནས་གཞན་གྱི་གནས་སྟངས་ལ་བསྐྱར་ཞིབ་དགོས་པ་དང་། གཞིས་ལུས་བོད་མི་ཚོ་རྒྱ་ནག་དམར་ཤོག་ཚོཌ་པའི་གདུག་རྩུབ་འོག་གནས་ཡོད་པས། རྒྱལ་སྤྱིས་མང་གཙོའི་ལམ་སྲོལ་དང་མཐུན་པའི་སྲུང་སྐྱོབས་ཐུབ་མིན་གྱི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་སྤྱི་བསྒྲགས་སྤེལ་བའི་ནང་གསུངས་འདུག།
གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།