ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་ཚོགས་ཆེན།
2015.06.18

བཞུགས་སྒར་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་ཚོགས་ཆེན་ཐེངས་༡༢་པ་དབུ་བཙུགས་གནང་བ།
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་རྣམ་པ་ལྷན་འཛོམས་ཐོག་གི་ཚོགས་ཆེན་ཐེངས་༡༢་པ་དེ་བཞུགས་སྒར་རྡ་རམ་ས་ལར་དེ་རིང་ཕྱི་ཟླ་༦ཚེས་༡༨ཉིན་དབུ་བཙུགས་གནང་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་སུ་གཡུང་དྲུང་བོན་གྱི་དབུ་ཁྲིད་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། རྙིང་མའི་ཕྱོགས་ནས་ཀ་ཐོག་དགེ་རྩེ་རིན་པོ་ཆེ། དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ། ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ། དགའ་ལྡན་ཁྲི་རིན་པོ་ཆེ་དབུས་ཆོས་བརྒྱུད་སོ་སོའི་བླ་སྤྲུལ་དང་། དགེ་བཤེས་སོགས་ཆེད་ཕེབས་གནང་ཡོད་པ་རེད།
དེ་རིང་ཚོགས་འདུའི་དབུ་འབྱེད་ཐོག་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་ལགས་རྣམ་གཉིས་ཀྱིས་གསུང་བཤད་གནང་ཞིང་། སྲིད་སྐྱོང་མཆོག་གིས་བསླབ་པ་སློབ་གཉེར་ཚགས་ཚུད་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་གལ་ཆེ་བ་དང་། ཆོས་རིག་བཀའ་བློན་མཆོག་གིས་བོད་ཀྱི་ཆོས་བརྒྱུད་ཁག་ལ་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་གནང་ཕྱོགས་ཐད་བགྲོ་གླེང་དང་དགོངས་ཚུལ་སྤེལ་རེས་གནང་དགོས་པའི་སྐུལ་མ་ཞུས་གནང་འདུག
དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་འཛམ་གླིང་ནང་བོད་ཀྱི་ནང་པའི་ཆོས་ལུགས་དེ་སངས་རྒྱས་ཀྱི་ཆོས་ངོ་མ་མ་ཡིན་པ་ཤོད་མཁན་ཡོད་པ་དེ་དག་ལ་གདོང་ལེན་གནང་ཕྱོགས་དང་། དངོས་དོན་དེ་ལྟར་མིན་པའི་གསལ་བཤད་གནང་ཕྱོགས་སོགས་ཀྱི་ཐད་བགྲོ་གླེང་དགོས་གལ་ཆེ་བའི་སྐོར་སོགས་བཀའ་གནང་འདུག
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།