༧གོང་ས་མཆོག་དབུ་བཞུགས་ཐོག་བགྲོ་གླེང་གནང་རྒྱུ།
2015.10.06
ལྡི་ལིར་༧གོང་ས་མཆོག་དབུ་བཞུགས་ཐོག་ཚད་རྡུལ་དངོས་ཁམས་ཚན་རིག་དང་ནང་པའི་དབུ་མ་པའི་ལྟ་གྲུབ་ཐོག་བགྲོ་གླེང་ཞིག་གནང་རྒྱུ་ཡིན་པ།
དེ་ཡང་རིང་མིན་ཕྱི་ཟླ་༡༡ཚེས་༡༢དང་༡༣ ཉིན་གྲངས་གཉིས་རིང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཇ་ཝར་ཧལ་ནེཧ་རུ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་། ཚད་རྡུལ་དངོས་ཁམས་ཚན་རིག་དང་ནང་པའི་དབུ་མ་པའི་ལྟ་གྲུབ་ཐོག་བགྲོ་གླེང་ཞིག་གནང་རྒྱུ་རེད་འདུག
བགྲོ་གླེང་གི་ཚོགས་འདུ་དེ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ལྟར་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གོ་བསྒྲིགས་མཐུན་འགྱུར་གནང་པ་ཞིག་ཡིན་ཞིང་། བགྲོ་གླེང་ལྷན་ཚོགས་དེའི་ཐོག་གཙོ་བོ་རྒྱ་གར་ནང་གི་ཚད་རྡུལ་དངོས་ཁམས་ཚན་རིག་པའམ་ Quantum Physics གྱི་མཁས་དབང་ཁག་ཅིག་དང་ནང་པའི་མཁས་དབང་གཅིག་ཆེད་བཅར་ཞུ་རྒྱུ་ཡིན་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚད་རྡུལ་དངོས་ཁམས་ཚན་རིག་པ་ཚོས་ཡུལ་ལ་དཔྱད་པ་བྱས་རྗེས་མཐར་གང་ལ་དཔྱད་པའི་ཡུལ་དེ་བརྙེད་རྒྱུ་མེད་པ་ལྟ་བུ་འདོད་པ་དང་། ནང་པའི་ལུགས་སྤྱི་དང་ལྷག་པར་དུ་སེམས་ཙམ་པའི་ལུགས་ནས་ཕྱི་རོལ་དོན་དུ་གྲུབ་པ་བཀག་པ་དང་། དབུ་མ་པའི་ལུགས་ཀྱིས་རྟེན་འབྲེལ་དང་བརྟག་དོན་བཙལ་ན་མི་བརྙེད་པའི་ལྟ་གྲུབ་དང་ཧ་ཅང་འདྲ་པོ་ཡོད་པ་བཀའ་ལན་མང་པོ་ཕེབས་མྱོང་ཡོད་སྟབས། རྒྱུན་དུ་འཛམ་གླིང་ནང་གི་གཞི་ཡུལ་མི་འདྲ་བའི་ཚན་རིག་པ་ཁག་དང་འདས་པའི་ལོ་ངོ་སུམ་ཅུ་ལྷག་བགྲོ་གླེང་དང་བཀའ་བསྡུར་གནང་ཡོད་ལ། དམིགས་བསལ་ད་རེས་ཚད་རྡུལ་དངོས་ཁམས་ཚན་རིག་པའི་ལྷན་དམིགས་བསལ་བགྲོ་གླེང་བསྐོང་ཚོགས་གནང་བཞིན་ཡོད་འདུག
ནང་པའི་མཁས་དབང་ཚོའི་ངོས་ནས་དབུ་མ་ཐལ་འགྱུར་བའི་ལུགས་ཀྱིས་རྟེན་འབྲེལ་གྱི་རྣམ་བཞག་དང་། སེམས་ཙམ་པའི་ལུགས་ཀྱི་ཕྱི་དོན་འགོག་པའི་རིག་པ་སྤྱི་དང་དམིགས་བསལ་ལྷན་གཅིག་དམིགས་ངེས་ཀྱི་རྟགས་ཀྱི་ཐོག་ནས་ཕྱི་དོན་འགོག་ཚུལ་གྱི་ལྟ་གྲུབ་ངོ་སྤྲོད་གནང་བའི་ཐོག་ནས་ཚན་རིག་པ་ཚོ་དང་ཕན་ཚུན་དཔྱད་བསྡུར་གནང་རྒྱུ་ཡིན་འདུག
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།