ཨའོསི་ཊརེ་ལི་ཡའི་རྒྱལ་ཡོངས་བོད་རིཊ་མཐུན་ཚོགས་ཀྱི་ཚོཊ་ཆེན།
2015.08.12
བརྟན་བཞུགས་གསོལ་འདེབས་སྐབས་ཀྱི་དམ་བཅའ་ཁག་ཉམས་ལེན་དགོས་པ་ཚོགས་གཙོ་ནེ་རྒན་ལགས་གྱིས་ཚོགས་ཐོག་ནན་བརྗོད་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཨའོསི་ཊརེ་ལི་ཡའི་སྐུ་ཚབ་དོན་གཅོད་ཁང་གིས་གོ་བསྒྲིགས་འོག འདི་ཟླའི་ཕྱི་ཚེས་༨དང་༩བཅས་ཉིན་གཉིས་ཀྱི་རིང་བོད་རིགས་ཚོགས་པའི་ཚོགས་ཆེན་ཐེངས་གསུམ་པ་རྒྱལ་ས་Canberra ནང་སྐོང་ཚོགས་གནང་ཡོད་པ་རེད། ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བཀྲིན་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་འོག་དོན་གཅོད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་གནས་ཡུལ་རྒྱལ་ཁབ་ཀྱི་སྲིད་གཞུང་དང་། གྲོས་ཚོགས་རྒྱལ་ཡོངས་བོད་དོན་ཚོགས་པ་ཁག རྒྱ་རིགས་ཤེས་ཡོན་ཅན་དང་། མང་གཙོ་དང་རང་དབང་དོན་གཉེར་གྱི་སྒྲིག་འཛུགས། ཨའོསི་ཊརེ་ལི་ཡའི་རྒྱལ་ཡོངས་བོད་རིགས་ཚོགས་པ་ཁག་བཅས་ལ་འབྲེལ་བ་དམ་ཟབ་གནང་པ་བརྒྱུད་ཨའོསི་ཊརེ་ལི་ཡའི་ནང་། བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་འགྲོ་བཞིན་ཡོད་པའི་ལས་དོན་ངོ་སྤྲོད་གནང་འདུག
ད་དུང་ཡང་སྐུ་ཚབ་དོན་གཅོད་མཆོག་གིས། ཨའོསི་ཊརེ་ལི་ཡའི་བོད་རིགས་ཚོགས་པ་ཁག་དང་། ས་གནས་བོད་མི་ཡོངས་ནས་གནས་ཡུལ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོའི་གོ་སྐབས་དམ་འཛིན་གྱིས་བོད་དོན་ལ་རྒྱབ་སྐྱོར་བསྐྲུན་རྒྱུའི་འགན་འཁྲི་ཡོད་པ་དྲན་སྐུལ་གནང་པ་དང་། ཕྱོགས་མཚུངས་བུ་ཕྲུག་གི་ཤེས་ཡོན་དང་། བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་གཅེས་འཛིན་དགོས་གལ་ཆེ་བའི་སྐོར་ནན་སྐུལ་གནང་འདུག
སྐབས་གསུམ་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་ནེ་རྒན་ལགས་ཀྱིས། དབུས་རྒྱུན་གྱི་ལས་དོན་གྲུབ་འབྲས་སྙན་སེང་དང་འབྲེལ་གཙོ་བོ་འདི་ལོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨོ་གླིང་བོད་མི་སེར་སྐྱ་ཡོངས་ནས་བརྟན་བཞུགས་གསོལ་འདེབས་སྐབས་ཕུལ་བའི་དམ་བཅའ་ཁག་ཉམས་ལེན་དགོས་པའི་སྐོར་ནན་བརྗོད་གནང་འདུག
ཉིན་གཉིས་ཀྱི་ཚོགས་ཆེན་ཐོག་བོད་རིགས་མཐུན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྔ་རྗེས་ཀྱི་ལས་དོན་ཞུ་ཕྱོགས་ལ་བསྐྱར་ཞིབ་དང་གྲོས་བསྡུར་བགྲོ་གླེང་གནང་པ་དང་། ལྷག་པར་དུ་ཨའོསི་ཊརེ་ལི་ཡའི་ནང་། བོད་མིའི་རྩ་དོན་ཆེད་ལས་འགུལ་སྤེལ་ཕྱོགས་དང་། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་སྲུང་སྐྱོབ་ཞུ་ཐབས་སྐོར། རྒྱ་རིགས་ཤེས་ལྡན་མི་སྣ་དང་། མང་གཙོ་དང་རང་དབང་དོན་གཉེར་བའི་ཚོགས་སྡེ། སློབ་ཕྲུག་དང་མི་སྒེར་བཅས་པར་མཛའ་འབྲེལ་འཛུགས་སྐྱོང་སྐོར། དོལ་རྒྱལ་རྗེས་འབྲངས་པས་བོད་བསྟན་སྲིད་ལ་བསམ་སྦྱོར་ངན་པའི་ཚུར་རྒོལ་ཤུགས་ཆེ་ཡོང་བཞིན་པར་ཁྲིམས་མཐུན་གདོང་ལེན་བྱེད་ཐབས། བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་བསྡུ་ལེན་ཚགས་ཚུད་གཏོང་ཐབས་དང་། ཨའོསི་ཊརེ་ལི་ཡའི་ནང་ཁ་འཐོར་དུ་གནས་པའི་བོད་མིའི་བདེ་སྡུག་ལ་ལྟ་སྐྱོང་བཀོད་སྒྲིག་ཡར་རྒྱས་གཏོང་ཐབས་ལ་སོགས་པའི་གྲོས་གཞི་དོན་ཚན་བཅུའི་ཐོག་གྲོས་བསྡུར་གནང་སྟེ་མཐར་དེ་དག་ལ་ལག་བསྟར་གནང་རྒྱུའི་སྤྱི་མོས་གྲོས་མཐུན་བྱུང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།