རྡོ་རྫོང་རིན་པོ་ཆེ་སྐུ་གཤེགས་པར་ཐུགས་གསོ་གནང་འདུག
2017.02.23
གྲུབ་དབང་རྡོ་རྫོང་རིན་པོ་ཆེ་དགོངས་པ་རྫོཊ་པར་བོད་མིའི་སྒྲིག་འཛུཊ་ཀྱི་ཆོས་རིག་བཀའ་བློན་གྱིས་ཐུཊ་གསོའི་འཚམས་འཕྲིན་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་སྤྱི་ཚེས་༢༣་ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གི་མཚན་ཐོག་ནས་སྐྱབས་རྗེ་གྲུབ་དབང་རྡོ་རྫོང་རིན་པོ་ཆེ་དགོངས་པ་རྫོགས་པར། རྒྱ་གར་ཧི་མཱ་ཅལ་ཀངྒ་ར་རྫོང་ཁོངས་གོ་པྰལ་པུར་རྡོ་རྗེ་དགོན་ཐུབ་བསྟན་མདོ་བསྔགས་རབ་རྒྱས་ཆོས་གླིང་ངམ་རྡོ་རྫོང་དགོན་པའི་མཁན་སློབ་འདུས་མང་ཡོངས་ལ་ཐུགས་གསོའི་འཕྲིན་ཡིག་ཅིག་ཕུལ་ཡོད་ཅིང་། དེའི་ནང་སྐྱབས་རྗེ་གྲུབ་དབང་རྡོ་རྫོང་སྐུ་ཕྲེང་བརྒྱད་པ་ངག་དབང་ཡོན་ཏན་ཆོས་ཀྱི་ཉི་མ་མཆོག་ཐེ་ཝན་དུ་སྨན་བཅོས་འཕྲོད་བཞེས་གནང་བཞིན་ཡོད་མུར་དྲག་སྐྱེས་མ་བྱུང་བར། ཟླ་འདིའི་སྤྱི་ཚེས་༡༦་ཉིན་གློ་བུར་དགོངས་པ་གཞན་དོན་དུ་གཤེགས་ཡོད་འདུག་པར། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་འགོ་ལས་ཡོངས་ནས་མྱ་ངན་གུས་འདུད་དང་སྦྲགས། རིན་པོ་ཆེ་དགོན་པའི་མཁན་སློབ་འདུས་མང་ཡོངས་དང་། མཚུངས་མེད་ཁམས་སྤྲུལ་རིན་པོ་ཆེ་དང་གྲུ་གུ་ཆོས་རྒྱལ་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་གཞིས་བྱེས་ཞལ་སློབ་དང་སྐུའི་ཉེ་འབྲེལ་ཡོངས་ལ་ཐུགས་གསོའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
ཡང་འཕྲིན་ཡིག་དེའི་ནང་མུ་མཐུད་དུ། སྐྱབས་རྗེ་གྲུབ་དབང་རྡོ་རྫོང་རིན་པོ་ཆེ་མཆོག་ནི་བསྟན་པ་སྤྱི་དང་ལྷག་པར་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པ་སླར་གསོ་དང་བརྒྱུད་འཛིན་ཐོག་ཕྱག་རྗེས་ཆེ་ཞིང་། སྤྱི་ནོར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་པའི་བོད་མིའི་ཆོས་སྲིད་དབུ་ཁྲིད་རིམ་པ་དང་མཐུན་ཕྱོགས་ཀྱི་འབྲེལ་རྒྱ་ཤིན་ཏུ་བརྟན་པའི་བླ་མ་ཞིག་ཡིན་ཞེས་སོགས་འཁོད་འདུག
རྡོ་རྫོང་རིན་པོ་ཆེ་མཆོག་ནི་༡༩༤༣་ལོར་བོད་ཤར་ཕྱོགས་ཉེ་ཡུལ་ཞེས་པའི་ས་གནས་སུ་འཁྲུངས་ཞིང་། དགུང་ལོ་༡༥་ཐོག་ཁམས་སྤྲུལ་རིན་པོ་ཆེ་མཆོག་དང་ལྷན་དུ་བོད་ནས་རྒྱ་གར་དུ་ཕེབས་ནས་ཁམས་སྤྲུལ་སྐུ་གོང་མ་དང་། སྐྱབས་རྗེ་དིལ་མགོན་མཁྱེན་བརྩེ་སོགས་ཀྱི་ཞལ་སློབ་ཏུ་བཞུགས་ཤིང་། མདོ་སྔགས་སྤྱི་དང་གསང་བ་སྙིང་པོ་སོགས་ལ་མཁྱེན་པ་ཆེ་བར་གྲགས་བའི་བླ་མ་ཞིག་ཡིན་འདུག།
གསར་འགོད་པ་གུ་རུ་ཆོས་སྐྱིད།