ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་ཉིན་གསུམ་གྱི་བགྲོ་གླེང་མཇུག་སྒྲིལ་མཛད་པ།
2018.11.03

༄༅། །ཟླ་འདིའི་སྤྱི་ཚེས་ ༡ ནས་༣བར་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཏཱ་ལའི་བླ་མ་ཐེབས་རྩས་གོ་སྒྲིག་འོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་རིགས་ཚན་རིག་པའི་དབར་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་བགྲོ་གླེང་ཉིན་གྲངས་གསུམ་རིང་གནང་ཡོད་པ་ལྟར། ཉིན་དང་པོའི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་འདུས་རྡུལ་ཕྲ་མོའི་རྣམ་འགྱུར་ཐད་ལ་བརྟག་དཔྱད་ཞིབ་འཇུག་མཁན་དང་། རྫས་སྦྱོར་རིག་པའི་ཐོག་ནོ་སྦེལ་གཟེངས་རྟགས་བཞེས་མཁན་ཐེ་ཝན་གྱི་མི་རིགས་ཐོག་མ་སློབ་དཔོན་ཆེན་མོ་ལི་ཡོན་ཀྲིག་དང་། ཐེ་ཝན་ཨེ་ཀེ་ཌེ་མི་ཡ་སི་ནི་ཀའི་གཙུག་ལག་སློབ་གཉེར་ཁང་གི་མཁས་པ་འབུམ་རམས་པ་ལི་ཧྲི་ཁྲང་། ཐའེ་ཝན་ཨེ་ཀེ་ཌེ་མི་ཡ་སི་ནི་ཀའི་གཙུག་ལག་སློབ་གཉེར་ཁང་གི་དངོས་ཁམས་སྡེ་ཚན་གྱི་ཞིབ་འཇུག་པ་འབུམ་རམས་པ་ཁྲིན་ཆི་ཏུང་། ཐེ་ཝན་རྒྱལ་ཡོངས་ཁྲིན་ཀོང་གཙུག་ལག་སློབ་ཆེན་གྱི་དངོས་ཁམས་རིག་པའི་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་དང་། རྒྱལ་ཡོངས་རྣམ་གཞག་ཚན་རིག་ལྟེ་གནས་ཁང་གི་ཚན་རིག་པ་གཙོ་བོ་འབུམ་རམས་པ་ཁྲིན་ཡུ་ནན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རེན་སེ་ལར་ པོ་ལི་ཊེག་ནི་ཀ་ལྟེ་གནས་ཁང་གི་མ་འོང་བྱང་བུ་སྐར་ཚོམ་དང་དངོས་ཁམས་རིག་པའི་སྡེ་ཚན་གྱི་སློབ་དཔོན་ཆེན་མོའི་ཚོགས་གཙོ་འབུམ་རམས་པ་ལིན་ཧྲན་ཡུག ཐེ་ཝན་ཨེ་ཀེ་ཌེ་མི་ཡ་སི་ནི་ཀའི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་འབུམ་རམས་པ་ལི་ཏིན་གོ ཐེ་ཝན་ཨེ་ཀེ་ཌེ་མི་ཡ་སི་ནི་ཀའི་གཙུག་ལག་སློབ་ཆེན་གྱི་དངོས་ཁམས་རིག་པའི་སྡེ་ཚན་དུ་ཕུལ་བྱུང་ཉམས་ཞིབ་པའི་ཕྱག་ལས་གནང་མཁན་སློབ་དཔོན་ཆེན་མོ་ཝུ་མའོ་ཁུའེ། (DUKE UNIVERSITY) གི་དངོས་ཁམས་རིག་པའི་སློབ་དཔོན་ཆེན་མོ་དང་། ཨ་རིའི་དངོས་ཁམས་ཚོགས་པའི་ཚོགས་མི་ཡང་ཡིན་པ་སློབ་དཔོན་ཆེན་མོ་ཨལ་བྷཊ་ཀྲང་མེ་ཧྤུའུ། ཨེ་ཤི་ཡ་པེ་སི་ཧྥི་ཀི་སྐུལ་རྫས་རྐྱེན་འགྱུར་ཚོགས་པའི་ཚོགས་གཙོ་སློབ་དཔོན་ཆེན་མོ་མོ་ཀྲུང་ཡོན་བཅས་གཙོས་པའི་ཐའེ་ཝན་གྱི་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་དང་ཉམས་ཞིབ་པ། གཙུག་ལག་སློབ་དཔོན་སོགས་ཁྱོན་རྒྱ་རིགས་མི་གྲངས་ལྔ་བཅུ་དང་། རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་། ༸སྐུའི་གསུང་སྒྱུར་གླང་རི་བ་ཐུབ་བསྟན་སྦྱིན་པ་ལགས། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། དེ་བཞིན་དབུས་སྨན་རྩིས་ཁང་དང་། རིག་ལམ་སློབ་གཉེར་ཁང་། ས་རཱ་མཐོ་སློབ། བོད་ཀྱི་དཔེ་མཛོད་ཁང་། གཏོང་ལེན་བཅས་སོགས་ནས་ཚོགས་བཅར་བ་མི་གྲངས་༡༨༦ གཞན་ཡང་ཟུར་ཉན་དུ་བོད་མི་སེར་སྐྱ་ཕོ་མོ་བཅས་ཁྱོན་མི་གྲངས་ ༣༠༠ ཙམ་ཚང་འཛོམས་ཐོག་ཉིན་གསུམ་རིང་གི་བགྲོ་གླེང་དེ་གནང་ཡོད་པ་རེད།
གོང་ཞུས་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་བགྲོ་གླེང་གྱི་ཉིན་གསུམ་པར་ཐེ་ཝན་གྱི་ནོ་བེལ་གཟེངས་རྟགས་བཞེས་མཁན་སློབ་དཔོན་ཆེན་མོ་ ལི་ཡོན་ཀྲུག་གིས་སའི་གོ་ལ་ཡུན་གནས་ཐུབ་རྒྱུར་འཛམ་གླིང་ལ་འཕྲད་བཞིན་པའི་དཀའ་ངལ་དང་གོ་སྐབས་སྐོར་གསུང་བཤད་གནང་རྗེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་རིགས་ཚན་རིག་པའི་དབར་གྱི་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་བགྲོ་གླེང་ཐེངས་དང་པོ་དེ་མཇུག་སྒྲིལ་གནང་འདུག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།