རྒྱ་ནག་ནས་ཁམ་ཕིའུ་ཊར་ནང་ནད་འབུ་བཏང་བ།
2012.03.17
༄༅༎ཨེ་ལིཡེན་ལྦོལཏ་(Alien Vault)ཞེས་པའི་དྲ་རྒྱའི་བདེ་འཇགས་ཐོག་རྟག་དཔྱད་བྱེད་མཁན་གྱི་འཕྲུལ་ལས་ཁང་གིས། འདས་པའི་ལོ་ངོ་བཅུ་གྲངས་རིང་བོད་མིའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་གི་ ཁམ་ཕིའུ་ཁྲར་ནང་གི་ཡིག་ཆ་རྐུ་འཁྱེར་དང་། ཁམ་ཕིའུ་ཁྲར་ནང་ནད་འབུ་སོགས་བཏང་ནས། དེའི་ནང་གི་འཕྲུལ་ཆས་ལ་གནོད་སྐྱོན་བཏང་བ་སོགས་བྱེད་མཁན་དེ་རྒྱ་ནག་ནང་ནས་ཡིན་པའི་སྐོར། འདས་པའི་ཟླ་བ་ཁ་ཤས་རིང་ཞིབ་འཇུག་བྱས་ནས་སྙན་ཐོ་འདོན་སྤེལ་བྱས་ཡོད་འདུག
འཕྲུལ་ལས་ཁང་དེའི་འགན་འཛིན་ཇེམི་སྦེལེསི་ཀོ་ཡིས་གསུངས་ན། ཚོགས་པ་དེའི་ཞིབ་འཇུག་པ་ཚོས་་འདས་པའི་ཟླ་བ་ཁ་ཤས་རིང་ཁམ་ཕིའུ་ཁྲར་ནང་གི་ཡིག་ཆ་རྐུ་འཁྱེར་དང་ ནད་འབུ་སོགས་བཏང་ནས། ཁམ་ཕིའུ་ཁྲར་གྱི་འཕྲུལ་ཆས་ལ་གནོད་ཚབ་གཏོང་མཁན་ཚོས་ ཁམ་ཕིའུ་ཁྲར་བརྒྱུད་ནས་ཡི་གེ་ཕར་གཏོང་ཚུར་གཏོང་བྱེད་སའི་ཁ་སྦྱང་སོགས་རྐུ་འཁྱེར་བྱས་ནས། དེ་ཚོ་བརྒྱུད་བོད་མིའི་སྒྲིག་འཛུགས་དང་དེ་བཞིན་བཙན་བྱོལ་ནང་ཡོད་པའི་ཚོགས་སྡེ་ཁག་དང་། དུས་འཁོར་དབང་ཆེན་སྐབས་ཀྱི་འབྲེལ་ཡོད་ཚོགས་པའི་ཁམ་ཕིའུ་ཁྲར་གྱི་ཡིག་འགྲུལ་ནང་། མིང་གང་བྱུང་བེད་སྤྱད་ནས་གནས་ཚུལ་རྐུ་འཁྱེར་དང་གཞན་གྱི་མིང་བེད་སྤྱད་དེ་ནད་འབུ་སོགས་ཀྱི་གནོད་ཚབས་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད། དྲ་རྒྱའི་ཐོག་ནས་བྱ་སྤྱོད་དེ་རིགས་སྤེལ་མཁན་ཚོར་བཀོད་ཁྱབ་བྱེད་མཁན་རྒྱ་ནག་ནང་ནས་ཡིན་པའི་སྐོར་ ཞིབ་འཇུག་བྱས་པའི་རྒྱུད་རིམ་ནས་ཤེས་རྟོགས་བྱུང་བ་གསུངས་འདུག།