འཕྲུལ་ཆས་ཁེ་ལས་ཚོང་དོན་ཁང་གིས་རྒྱ་ནག་ལ་དགོས་འདུན།
2009.06.27
༄༅༎རྒྱལ་སྤྱིའི་ནང་གི་གློག་ལས་འཕྲུལ་ལས་རིགས་བཟོ་སྐྲུན་དང་ཚོང་གཉེར་བྱེད་མཁན་གྱི་ཁེ་ལས་ཚོང་དོན་ལས་ཁང་ཁག་ཉི་ཤུ་རྩ་གཉིས་ལྷག་ཙམ་ཞིག་གིས་མཐུན་མོང་ཐོག་ནས་རྒྱ་ནག་གཞུང་གིས་ཕྱི་ཟླ་བདུན་པའི་ཚེས་གཅིག་ནས་བཟུང་རྒྱ་ནག་ནང་ཀམ་པིའུ་ཊར་གློག་ལས་འཕྲུལ་ཆས་བཟོ་སྐྲུན་བྱེད་མཁན་ཚོས་གློག་ལས་འཕྲུལ་ཆས་དེ་རིགས་ཕྱིར་ཚོང་བྱེད་པའི་སྐབས་དེའི་ནང་ཁྲིམས་འགལ་གྱི་གནས་ཚུལ་རིགས་ལ་འགོག་ཐབས་ཀྱི་འཕྲུལ་ཆས་ཤིག་མཉམ་དུ་གར་ནས་ཕྱིར་ཚོང་བྱ་རྒྱུའི་གཏན་འབེབས་སྲིད་ཇུས་དངོས་སུ་ལག་བསྟར་བྱ་རྒྱུ་ཕྱིར་ཐེན་དགོས་པ་རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་ཡི་མཚན་ཐོག་ལ་ཡོངས་ཁྱབ་ཀྱི་དགོས་འདུན་ཡི་གེ་ཞིག་ཕུལ་ཡོད་པ་རེད།
གོང་ཞུས་ཀྱི་དགོས་འདུན་ཡི་གེ་དེ་བཞིན་རྒྱ་ནག་ནང་ཡོད་པའི་ཨ་རི་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཡུལ་ཁག་དེ་བཞིན་ཉི་ཧོང་སོགས་ཀྱི་འཕྲུལ་ཆས་ཁེ་ལས་ཚོང་དོན་ཁང་ཁག་མཉམ་འབྲེལ་ཐོག་ནས་རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་ཡི་མཚན་ཐོག་ཏུ་བཏང་བ་ཞིག་ཡིན་ཞིང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཚོང་དོན་ལས་ཁང་གིས་རྒྱ་ནག་གི་དཔོན་རིགས་ལ་དགོས་འདུན་ཡི་གེ་གཏོང་བའི་གནས་ཚུལ་དེ་རིགས་ཧ་ཅང་གི་རྒྱུན་ལྡན་ཞིག་མིན་པ་རེད། རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཕྱི་ཟླ་བདུན་པའི་ཚེས་གཅིག་ནས་བཟུང་ཚོང་འགྲེམས་བྱ་རྒྱུའི་ཀམ་པིའུ་ཊར་གློག་ལས་འཕྲུལ་ཆས་རིགས་ཉོ་མཁན་ཚང་མའི་གློག་ལས་འཕྲུལ་ཆས་ནང་རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་གི་རིན་ཌེམ་ཟེར་བའི་འཕྲུལ་ཆས་ཤིག་བཅུག་དགོས་པའི་སྲིད་ཇུས་གཏན་འབེབས་བྱས་ཡོད་ཅིང་རྒྱ་ནག་གཞུང་ཕྱོགས་ནས་ཟེར་ན་འཕྲུལ་ཆས་དེ་རིགས་ཀྱིས་གློག་ལས་འཕྲུལ་ཆས་ནང་དྲག་སྤྱོད་དང་འདོད་ཆགས་ཀྱི་རིགས་སོགས་ཁྲིམས་འགལ་གྱི་གནས་ཚུལ་འགོག་ཐབས་ཆེད་དུ་ཡིན་ལུགས་བརྗོད་ཀྱི་ཡོད་པ་དང་ཡིན་ན་ཡང་གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་གློག་ལས་འཕྲུལ་ཆས་ནང་གི་རིན་ཌེམ་ཟེར་བའི་འཕྲུལ་ཆས་བཅུག་རྒྱུའི་སྒྲིག་གཞི་བཟོ་ཡས་དེ་ནི་རྒྱ་ནག་གཞུང་གིས་སྲིད་དོན་གྱི་ཚོར་བ་རྣོ་བའི་གནད་དོན་རིགས་མང་ཚོགས་ཀྱིས་ཤེས་རྟོག་ཡོང་རྒྱུར་འགོག་ཐབས་ཀྱི་ཆེད་དུ་དམིགས་ནས་ཡིན་ལུགས་འགྲེལ་བརྗོད་གནང་གི་ཡོད་པ་རེད༎