བོད་ནང་རྒྱ་ནག་གི་ཚོགས་འདུ་རིམ་པ་གཉིས་ཚོགས་ནས་ཁ་བྲལ་ལ་རྒོལ་རྡུང་གཏོང་རྒྱུར་ཤུགས་གནོན་རྒྱབ་ཚུལ་བརྗོད་འདུག

2021.01.21
བོད་ནང་རྒྱ་ནག་གི་ཚོགས་འདུ་རིམ་པ་གཉིས་ཚོགས་ནས་ཁ་བྲལ་ལ་རྒོལ་རྡུང་གཏོང་རྒྱུར་ཤུགས་གནོན་རྒྱབ་ཚུལ་བརྗོད་འདུག ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་། ༡༠།༡༥།༢༠
Reuters

བོད་ནང་རྒྱ་ནག་གིས་འབོད་པའི་བོད་རང་སྐྱོང་ལྗོངས་སྲིད་གྲོས་དང་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བ་གཉིས་ཚོགས་ནས་ཁ་བྲལ་ལ་རྒོལ་རྡུང་གཏོང་རྒྱུར་ཤུགས་གནོན་རྒྱབ་ཚུལ་བརྗོད་འདུག
བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་ཟེར་བ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་ཟེར་བ་གཉིས་ཕྱི་ཟླ་དང་པོའི་ཚེས་༡༩དང་༢༠བཅས་སྔ་རྗེས་སུ། ལྷ་སར་འགོ་བཙུགས་པའི་ཐོག་བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་དགོས་པ་དང་། ཁ་བྲལ་རིང་ལུགས་ལ་རྒོལ་རྡུང་གཏོང་རྒྱུར་ཤུགས་གནོན་རྒྱབ་ཡོད་པ་བརྗོད་དེ་བོད་ཁུལ་དུ་ནག་ཚོགས་དང་འབྲེལ་བའི་གྱོད་གཞི་༡༢༣ལྷག་ཐག་གཅོད་བྱས་ཡོད་སྐོར་སོགས་བཤད་འདུག།
དེ་ཡང་ཕྱི་ཚེས་༡༩ཉིན་ཚོགས་པའི་རྒྱ་ནག་གིས་འབོད་པའི་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་ཟེར་བའི་ཐོག ཞེ་ཅིན་ཕིང་(Xi Jinping)གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་ཏུ་གཏོང་རྒྱུ་དང་། བོད་ལྗོངས་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་ཀྱི་སྟོབས་ཤུགས་ཆེ་རུ་བཏང་རྒྱུ་མ་ཟད། བོད་མིའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་རྒྱབ་ནས་མེས་རྒྱལ་གོང་བུ་གཅིག་ཏུ་སྒྲིལ་རྒྱུ། དམར་ཤོག་ཚོགས་པའི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་རྣམས་་དོན་འཁྱོལ་བྱེད་དགོས་པ། ཕྱོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་དང་ལེན་བྱ་དགོས་པ། བོད་སྤྱི་ཚོགས་དེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་རིག་དཔལ་ཡོན་། ཞི་བདེ་དང་འཆམ་མཐུན་ལྡན་པའི་རྒྱ་ནག་དམར་ཚོགས་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཟེར་བ་འཛུགས་སྐྲུན་བྱ་དགོས་པའི་སྐོར་བཤད་ཡོད་པ་རེད་།
དེ་བཞིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་ཟེར་བའི་ཐོག་ལའང་༢༠༢༡ལོ་གསར་པ་དེའི་ནང་། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྤྱི་ཚོགས་བརྟན་ལྷིང་གཙོ་གནད་འཛིན་དགོས་ལུགས་དང་། དེ་ཡང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་བཞིན་ཁྱོན་ཡོངས་སུ་རང་འགུལ་ཡོང་བྱ་དགོས་པ། ཀྲུང་ཧྭ་མི་རིགས་གཅིག་ཡིན་པའི་འདུ་ཤེས་གཏིང་གཟབ་ཏུ་གཏོང་དགོས་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་འཕེལ་རིམ་གསར་པ་ཡོང་བར་ཤུགས་སྣོན་རྒྱག་དགོས་པ། བོད་ཀྱི་མཐའ་མཚམས་སྲུང་སྐྱོང་གི་འཐབ་ཇུས་དང་ལས་འགན་སྔར་བས་མཐོ་རུ་གཏོང་དགོས་པ། དམར་ཤོག་ཚོགས་པས་བོད་དུ་འཛིན་པའི་སྲིད་ཇུས་ཀྱི་རྨང་གཞི་བརྟན་པོ་བཟོ་དགོས་པ་སོགས་བཤད་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས་གསུང་ན། རྒྱ་ནག་དམར་པོའི་གཞུང་གིས་དེང་སྐབས་བོད་ནང་གི་རྒྱ་ཆེའི་མང་ཚོགས་ཚོའི་བསམ་བློ་བཅོས་བསྒྱུར་དང་། བོད་པ་ཚོ་ནང་ཆོས་ལ་དད་པ་མེད་པ་བཟོ་ཐབས་བྱས་པ་བརྒྱུད་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། མི་རིགས་བཅས་རྩ་མེད་བཟོ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་པར་ངོས་འཛིན་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎