ནང་སོག་ཏུ་གཏེར་ཁ་བསྔོག་འདོན་ལ་ངོ་རྒོལ།
2011.06.01
༄༅༎ནང་སོག་ནང་གཏེར་ཁ་བསྔོག་འདོན་གྱིས་ས་གནས་ཀྱི་ཁོར་ཡུག་ལ་གནོད་ཚབས་ཆེན་པོ་བཟོ་བཞིན་པའི་རྐྱེན་གྱིས་ས་གནས་འབྲོག་པ་དང་སློབ་ཕྲུག་ཚོས་ངོ་རྒོལ་གྱི་ཤུགས་ཆེ་བྱས་པའི་རྗེས་ངོ་རྒོལ་གྱི་ལས་འགུལ་དེ་མུ་མཐུད་རྒྱ་སྐྱེད་འགྲོ་རྒྱུར་འགོག་ཐབས་ཆེད་ རྒྱ་ནག་གཞུང་གིས་མངའ་ཁུལ་དེའི་ནང་གང་བྱུང་གིས་རྡོ་སོལ་བསྔོག་འདོན་བྱ་རྒྱུར་དམ་བསྒྲཌ་བྱེད་འགོ་ཚུགས་ཡོད་པའི་སྐོར་རོས་ཁྲར་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་འཁོད་པར་གཞིགས་ན་ ནང་སོག་མི་མང་ཚོས་སོག་པོའི་མི་མང་གི་སྲོག་དང་ འབྲེལ་བའི་ས་གནས་ཀྱི་ཁོར་ཡུག་དང་ སོག་པོའི་རིག་གཞུང་ལ་བརྩི་བཀུར་བྱ་དགོས་པའི་དགོས་འདུན་བཏོན་བཞིན་པ་ལྟར་ རྒྱ་ནག་གཞུང་གིས་ནང་སོག་གི་གནས་སྟངས་དེ་སྟངས་འཛིན་མི་ཐུབ་པ་ཞིག་འགྱུར་རྒྱུར་ཞེད་སྣང་གིས་སོག་པོ་མང་ཚོགས་ཀྱི་དགོས་འདུན་ནས་ཡུལ་དེའི་ཁོར་ཡུག་གནས་སྟངས་ལ་སྲུང་སྐྱོབ་ཡོང་ཆེད་ ནང་སོག་ནང་གཏེར་ཁ་བསྔོག་འདོན་ཤུགས་ཆེ་བྱེད་བཞིན་ཡོད་པ་རྣམས་ལ་དམ་བསྒྲཌ་ཞིབ་བཤེར་གྱིས་གང་བྱུང་གཏེར་ཁ་བསྔོག་འདོན་བྱ་རྒྱུར་དམ་བསྒྲཌ་བྱ་རྒྱུ་ཡིན་པ་རེད་ རོས་ཁྲར་གསར་འགྱུར་བརྒྱུད་ལམ་གྱིས་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་ལུང་འདྲེན་བྱས་པའི་ནང་ ས་གནས་ཀྱི་གཏེར་ཁའི་ཐོན་སྐྱེད་དོ་དམ་ལས་ཁང་གིས་བཀའ་རྒྱ་བཏང་ནས་ ལས་ཁང་དེའི་གཤམ་འོག་ལས་ཁུངས་ཁག་གིས་ ཁུལ་དེའི་ནང་གཏེར་ཁ་བསྔོག་འདོན་བྱེད་མཁན་ཚོའི་ཐོག་དོ་དམ་སྟངས་འཛིན་བྱ་དགོས་པ་མ་ཟད་ གཏེར་ཁ་བསྔོག་འདོན་བྱེད་པའི་སྐབས་ཁོར་ཡུག་གི་ལས་དོན་དུས་གཅིག་ཏུ་སྤེལ་དགོས་ལུགས་དང་ ལྷག་པར་དུ་གཏེར་ཁ་བསྔོག་འདོན་གྱིས་ས་གནས་མི་མང་ཚོའི་འཚོ་གནས་ལ་གནོད་ཚབས་བཟོ་མི་ཆོག་པ་སོགས་འཁོད་ཡོད་པ་རེད་ ནང་སོག་གི་འབྲོག་པ་མོར་གན་གྱིས་ས་གནས་ཀྱི་ཁོར་ཡུག་ལ་རྡོ་སོལ་བསྔོག་འདོན་བྱེད་མཁན་ཚོས་གནོད་ཚབས་ཆེན་པོ་བཟོ་ཡི་ཡོད་སྟབས་ ས་གནས་འབྲོག་པ་ཁག་ཅིག་གིས་འགོ་ཁྲིད་ནས་རྡོ་སོལ་བསྔོག་འདོན་བྱེད་མཁན་ཚོར་ངོ་རྒོལ་བྱས་པའི་རྐྱེན་གྱིས་རྡོ་སོལ་བསྔོག་འདོན་བྱེད་མཁན་གྱི་མོ་ཊས་བརྫིས་ནས་རྐྱེན་འདས་སུ་བཏང་བའི་རྗེས་ནང་སོག་གི་འབྲོག་པ་དང་སློབ་ཕྲུག་ཚོས་ཉིན་ཤས་བསྟུད་མར་ས་གནས་གཞུང་གི་མདུན་གཞི་རྒྱ་ཆེ་བའི་ངོ་རྒོལ་རྔམ་སྟོན་བྱས་ཡོད་པ་དང་ རྒྱ་ནག་གཞུང་གིས་ངོ་རྒོལ་ལས་འགུལ་ཞི་འཇམ་དུ་གཏོང་ཆེད་སློབ་ཕྲུག་གི་དགོས་འདུན་ཁག་ལ་ཁས་ལེན་གྱིས་འབྲོག་པ་བརྫིས་མཁན་གྱི་མོ་ཊ་གཏོང་མཁན་ལ་ཡོངས་ཁྱབ་ཀྱི་ཁྲིམས་ཞིབ་བྱ་རྒྱུ་ཁས་ལེན་བྱས་ཡོད་པ་དང་ ཡིན་ནའི་ཁྲིམས་ཞིབ་དེ་ག་དུས་བྱེད་མིན་གྱི་དུས་བཀག་སོགས་ཁ་གསལ་བརྗོད་མེད་པ་རེད་