ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་ཨང་སན་སུ་ཅི་མཇལ་འཕྲད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་འབར་མའི་ནང་རྒྱལ་དོན་འཚམས་གཟིགས་གནང་བ་དེའི་རྒྱུད་ནས་འབར་མའི་མི་མང་ཚོས་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ།

2011.12.03

༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས་འབར་མའི་ནང་རྒྱལ་དོན་འཚམས་གཟིགས་གནང་བ་དེའི་རྒྱུད་ནས། ཡུལ་དེའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འཕོ་འགྱུར་ཞིག་ཡོང་རྒྱུར། འབར་མའི་མི་མང་ཚོས་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་རོའི་ཀྲར་གསར་ལས་ཁང་གི་གསར་འགོད་པས། འབར་མའི་གྲོང་ཁྱེར་ཡང་ཨོན་ནང་། དངོས་ཟོག་རྩག་རྩིག་ཚོང་མཁན་ཞིག་ལ་ད་ལམ་གྱི་རྒྱལ་དོན་འཚམས་གཟིགས་དེའི་ཐོག་ནས་རེ་བ་ག་རེ་བྱེད་ཀྱི་ཡོད་དམ་ཞེས་དྲིས་པའི་ལན་དུ། ཚོང་པ་དེ་ཡིས་འབར་མའི་ནང་གི་དཔལ་འབྱོར་གནས་སྟངས་དེ་ཡག་པོ་མེད་པར་བརྟེན། གལ་སྲིད་ཨ་རིའི་ཕྱི་སྲིད་དྲུང་ཆེ་འདིར་ཕེབས་པ་དེ་ཡིས། འབར་མའི་དཔལ་འབྱོར་ལ་ཕན་ཐོགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་དང༌། ཡང་སྦར་མའི་ནང་རྟེན་གཞི་བྱས་པའི་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁང་གི་དཔོན་རིགས་ཤིག་གིས།  སྦར་མའི་མི་མང་རྣམས་འདས་པའི་མི་ལོ་བཅུ་ཕྲག་འགའ་ཤས་རིང་དྲག་པོའི་བཙན་འོག་ཏུ་སྡོད་དགོས་བྱུང་བའི་རྗེས། ད་ཆ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡུལ་དེར་ཕེབས་ཐུབ་པ་དེ་ཡིས་མི་མང་དེ་དག་ལ་གནས་སྟངས་ལྷུག་ཏུ་འགྲོ་བའི་རེ་བ་གསར་པ་ཞིག་སྤྲད་ཡོད་པའི་འགྲེལ་བརྗོད་གནང་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་ཕྱི་ཟླ་ ༡༡ པའི་ཚེས་ ༣༠ ཉིན་སྦར་མའི་ནང་ཕེབས་འབྱོར་གྱིས། འདི་ཚེས་ ༡་ ཉིན་ཡུལ་དེའི་གཞུང་འབྲེལ་དཔོན་རིགས་མཐོ་གྲས་དང༌། ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ཨོང་སན་སུ་ཆི་བཅས་པའི་ལྷན་དུ་མཇལ་འཕྲད་གྲོས་མོལ་གནང་ཡོད་ཅིང༌། སྦར་མའི་གཞུང་འབྲེལ་དཔོན་རིགས་རྣམས་པའི་ལྷན་དུ་མཇལ་འཕྲད་གནང་སྐབས་ལྕམ་ཀི་ལིན་ཀྲེན་མཆོག་གིས། འབར་མའི་གཞུང་གིས་ཡུལ་དེའི་ནང་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་ཆབ་སྲིད་ཀྱི་བཅོས་བསྒྱུར་བཏང་བ་ཡིན་ན། ཨ་རིའི་ཕྱོགས་ནས་ཀྱང་སྦར་མའི་མཉམ་འབྲེལ་བ་བཟང་དུ་གཏང་རྒྱུ་དང༌། དཔལ་འབྱོར་གྱི་ཉེས་ཆད་ཕྱིར་འཐེན་གནང་རྒྱུའི་དགོངས་བཞེས་གནང་གི་ཡིན་ཞེས་གསུངས་ཡོད་པ་དང༌། ད་ལམ་གྱི་རྒྱལ་དོན་འཚམས་གཟིགས་དེ་ནི། ཕྱི་ལོ་༡༩༥༥ ནས་བཟུང་ད་བར་མི་ལོ་ལྔ་བཅུ་ལྷག་གི་ནང་ཚུད་ཨ་རིའི་ཆེས་མཐོའི་དཔོན་རིགས་ཤིག་སྦར་མའི་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎