རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་གལ་ཆེ།
2012.05.04
༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀི་ལིན་ཀྲེན་མཆོག་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཡོད་པ་ལྟར། དེ་རིང་རེས་གཟའ་པ་སངས་ཉིན་ཁོང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པ་གལ་འགངས་ཆེན་པོ་ཡིན་པའི་གསལ་སྟོན་གནང་ཡོད་པ་རེད།
ལྕམ་ཀི་ལིན་ཀྲེན་ཉིན་མ་གཉིས་རིང་ལ་རྒྱ་ནག་གི་དཔོན་རིགས་ཀྱི་ལྷན་དུ་ཐབས་ཇུས་དང་དཔལ་འབྱོར་གྱི་སྐོར་ལ་གྲོས་མོལ་གནང་སྟེ་དེ་རིང་ཉིན་མཐའ་མ་དེའི་སྐབས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ལྷན་འཛོམས་ཐོག་ལ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་བཀའ་མོལ་དེ་གསུང་བ་ཡིན་ཞིང༌། དེ་ནི་ཁོང་རྒྱ་ནག་གི་འཚམས་འདྲི་དེའི་རིང་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་ཁྲེན་ཀུང་ཁྲེང་རྒྱ་ནག་གཞུང་གི་དོ་དམ་འོག་ནས་ཨ་རིའི་གཞུང་ཚབ་ཁང་དུ་ཉེན་གཡོལ་དུ་ཕྱིན་པའི་དོན་རྐྱེན་དེ་རྒྱ་ནག་དང་རྒྱལ་སྤྱིའི་ནང་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་བའི་སྐབས་དང་འཁེལ་ཡོད་པ་རེད། དེ་ཡང་ལྕམ་ཀི་ལིན་ཀྲེན་གྱིས་གསུང་པར། ཨ་མི་རི་ཀའི་ཕྱོགས་ནས་མུ་མཐུད་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱ་རྒྱུ་ཡིན་པ་དང༌། དེའི་རྒྱུ་མཚན་ནི། འགྲོ་བ་མིའི་ཐོབ་ཐང་ནི་གལ་འགངས་ཆེན་པོ་ཞིག་དང༌། འཛམ་གླིང་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་ཚང་མས་བརྩི་བཀུར་ཞུ་དགོས་ཞིག་ཡིན་ཞིང༌། དེར་བརྟེན་ང་ཚོ་ཨ་རིའི་ངོས་ནས་མི་སྒེར་གཅིག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་ཡང་ན་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནས་སྟངས་གང་དུ་ཡོད་པ་དེའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་གཏོང་ཐབས་ལ་ངེས་པར་དུ་གླེང་སློང་བྱ་རྒྱུ་ཡིན། ང་ཚོ་རྒྱལ་ཁབ་ཕན་ཚུན་གཉིས་ཀྱི་འབྲེལ་བའི་ནང་མི་མཐུན་པའི་གནད་དོན་ཐོག་ལ་སྣང་མེད་སྐྱུར་འཇོག་རྩ་བ་ནས་བྱེད་ཀྱི་མ་རེད་ཅེས་གསུང་ཡོད་པ་རེད། ད་དུང་དེ་རིང་ཁྲེན་ཀུང་ཁྲེང་གི་གནད་དོན་གྱི་རྐྱེན་པས་ཨ་རི་དང་རྒྱ་ནག་གཉིས་པོ་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་གྲོས་མོལ་གནང་རྒྱུའི་མོས་མཐུན་བྱུང་བ་དང༌། ཨ་རི་དང་རྒྱ་ནག་གཞུང་འབྲེལ་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། འབྱུང་འགྱུར་གྱི་རྒྱལ་ཁབ་གཉིས་པོའི་འགྲོ་བ་མིའི་ཐོབ་ཐང་ཐོག་གྲོས་མོལ་ལྷན་ཚོགས་དེ་ནི་འདི་ལོའི་དབྱར་ཁར་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་གནང་རྒྱུ་ཡིན་པ་བཀོད་ཡོད་པ་རེད།