བོད་ནང་གི་འཁྱགས་ཐང་བཞུར་ཚད་མགྱོགས་ཏུ་འགྲོ་བཞིན་པ་དེ་ཛ་དྲག་གི་གནད་དོན།
2019.07.20

གོ་ལའི་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་འདིས་བོད་ནང་འཁྱགས་ཐང་བཞུར་ཚད་མགྱོགས་ཏུ་འགྲོ་བཞིན་པའི་ཉེན་ཁའི་སྐོར་ཕྱག་དེབ་རྩོམ་བྲིས་གནང་མཁན། Michael Buckley ཡིས། The Ecologist ཞེས་པའི་སྣོད་བཅུད་རྟེན་འབྲེལ་གྱི་དུས་དེབ་དེའི་ནང་དཔྱད་རྩོམ་ཞིག་བརྒྱུད། བོད་ནང་གི་འཁྱགས་ཐང་བཞུར་ཚད་མགྱོགས་ཏུ་འགྲོ་བཞིན་པ་དེ། ཛ་དྲག་གི་གནད་དོན་ཞིག་ཡིན་པ་ཡོངས་གྲགས་ངོས་འཛིན་བྱ་དགོས་པའི་དུས་ལ་སླེབས་ཡོད་པ་བཀོད་ཡོད་པ་རེད།
ཁོང་གིས་ད་ལྟའི་འཆར་Arctic དང་Antarctic སྟེ་འཛམ་གླིང་གི་བྱང་སྣེ་དང་ལྷོ་སྣེ་གཉིས་ཀྱི་འཁྱགས་ཐང་བཞུར་ཚད་མགྱོགས་བའི་ཛ་དྲག་གི་གནད་དོན་གླེང་བ་ལས། བོད་ནང་གི་འཁྱགས་ཐང་བཞུར་ཚད་མགྱོགས་བའི་གནད་དོན་དེ། དེ་ཙམ་གྱི་ཛ་དྲག་གི་གནད་དོན་ཞིག་ལ་ངོས་འཛིན་མ་བྱས་པ་དེ་ནི་། འཐུས་ཤོར་ཆེན་པོ་ཞིག་ཡིན་པ་དང་། བོད་ནང་གི་འཁྱགས་ཐང་བཞུར་ཚད་མགྱོགས་ཏུ་འགྲོ་བཞིན་པ་འདིས་། འཛམ་གླིང་གི་མི་འབོར་འཐེར་འབུམ་གཅིག་དང་ཕྱེད་ཀ་འམ་། ཡང་ན་འཛམ་གླིང་གི་མི་འབོར་ལྔ་ཆ་གཅིག་ལ་ཆུའི་དཀའ་ངལ་འཕྲད་རྒྱུ་ཡིན་པས་། དཀའ་ངལ་དེ་ནི་ཨེ་ཤེ་ཡའི་མངའ་ཁུལ་ཁག་ཙམ་མིན་པར་། འཛམ་གླིང་ཡོང་གི་དཀའ་སྡུག་ཆེན་པོ་ཞིག་འགྱུར་རྒྱུ་ཡིན་པ་བཀོད་ཡོད་པ་རེད།
ཁོང་གིས་དཔྱད་རྩོམ་དེའི་ནང་། བོད་ནང་གི་འཁྱགས་ཐང་བཞུར་བ་ཡིན་ན་། གཤམ་འོག་རྒྱལ་ཁབ་ཁག་ནང་ཆུ་ལོག་གི་འཇིགས་པ་ཡོང་སྲིད་པ་ཙམ་གྱི་དཀའ་ངལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། དོན་དངོས་ལ་བོད་ནང་གི་འཁྱགས་ཐང་ཁག་བཞུར་ཕྱིན་པ་ཡིན་ན། བོད་ནས་རྒྱུགས་པའི་གཙང་ཆུ་ཁག་སྐམ་སྟེ་ཆར་དུས་སྐབས་སུ་མ་གཏོགས་ཆུ་མེད་པ་འགྱུར་རྒྱུ་ཡིན་པས། འདིས་རྒྱ་ནག་གིས་བོད་ཀྱི་གཙང་ཆུའི་ཐོག་རྒྱག་པའི་ཆུ་མཛོད་ཁག་ཀྱང་སྐམ་སྟེ། མི་མང་འཐེར་འབུམ་མང་པོ་ཆུ་མེད་པའི་དཀའ་ངལ། ལོ་ངོ་སྟོང་གི་ནང་འཕྲད་མྱོང་མེད་པ་ཞིག་ལ་གདོང་ལེན་བྱ་དགོས་པ་འགྱུར་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
ཁོང་གིས་བོད་ནང་དེ་སྔ་ཡིན་ན་བོད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་རྩ་ཐང་གིས་carbon གི་རྫས་རླངས་བར་སྣང་ལ་ཁྱབ་གདལ་བྱུང་བ་དེ་ནུས་མེད་གཏོང་གི་ཡོད་ཀྱང་། ད་ཆ་རྒྱ་ནག་གིས་བོད་ཀྱི་རྩ་ཐང་ཁག་ལ་གཏེར་ཁ་སོགས་གཞི་རྒྱ་ཆེན་པོའི་ཐོག་ནས་བསྔོག་འདོན་བྱེད་པ་བཅས་ཀྱིས་རང་འབྱུང་ཁམས་ཀྱི་ནུས་པ་དེ་མེད་པ་བཟོས་ཏེ། ད་ཆ་བོད་ནང་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བཞིན་པའི་དཀའ་ངལ་དེ་བཟོ་བཞིན་ཡོད་པ་བཀོད་ཡོད་པ་རེད།།