རྒྱ་ནག་ཏུ་མི་མང་སྟོང་ཕྲག་བཅུ་ལྷག་གིས་ངོ་རྒོལ་བྱས་པ།
2009.06.20
༄༅༎རེས་གཟའ་སྤེན་པའི་ཉིན་རྒྱ་ནག་དབུས་ཧུ་བཱེ་ཞིང་ཆེན་གྱི་གྲོང་ཁྱེར་ཤི་ཤོ་ཟེར་བའི་ནང་ངོ་རྒོལ་དུས་ཟིང་ཤུགས་ཆེ་ཞིག་བྱུང་སྟེ་ཉེན་རྟོག་པས་ཞོལ་འཇགས་བྱེད་ཐབས་བྱེད་བཞིན་ཡོད་པ་ས་གནས་ཡུལ་མི་དང་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པ་ཞིག་གིས་བརྗོད་འདུག
དོན་རྐྱེན་དེ་ས་གནས་དེའི་ནང་གཞུང་འབྲེལ་དང་འགྲེལ་བ་ཡོད་པའི་མགྲོན་ཁང་ཞིག་གི་ནང་མི་ཞིག་དྭོགས་གཞིའི་རང་བཞིན་འོག་གཟའ་ལྷ་ག་པའི་ཉིན་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་བྱུང་རྗེས་བྱུང་བ་ཞིག་ཡིན་པ་ཕེ་རན་སི་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ཕེ་རན་སི་གསར་སྤེལ་ལས་ཁང་ལ་ཤེ་ཤོ་གྲོང་ཁྱེར་གྱི་ནང་ཡོད་པའི་མགྲོན་ཁང་ཞིག་གི་ལས་བྱེད་པ་བེུད་ཅིག་གིས་ཁ་པར་ཐོག་བརྗོད་པར་གཞིགས་ན་ཉུང་མཐར་མི་སྟོང་ཕྲག་བཅུ་ཙམ་ཁྲོམ་གཞུང་ཐོག་ཐོན་ཏེ་ངོ་རྒོལ་བྱས་ཡོད་འདུག་པ་དང་ཁོང་ཚོས་ཉེན་རྟོག་པར་ཉེས་རྡུང་གཏོང་ཐབས་བྱས་ཏེ་ཉེན་རྟོག་པ་ཚོ་ཡང་ཉེན་གཡོལ་དུ་འགྲོ་དགོས་པ་ཆགས་ཡོད་འདུག་ལ་མིང་འབོད་མ་བྱས་པའི་མགྲོན་ཁང་ཞིག་གི་ལས་བྱེད་བེུད་དེས་ངོ་རྒོལ་བ་ཚོས་ཉེན་རྟོག་པའི་མོ་ཊ་གཏོར་སྐྱོན་བཏང་པ་དང་མེར་བསྲེགས་བཏང་པ་སོགས་མཐོང་ཡོད་ལུགས་འགྲེལ་བརྗོད་བྱས་འདུག
ས་གནས་གཞུང་དང་འབྲེལ་བ་ཡོད་པའི་མགྲོན་ཁང་དེའི་ནང་འདས་གྲོངས་སུ་ཕྱིན་པའི་མི་དེ་མགྲོན་ཁང་དེའི་ནང་གི་མ་ཆེན་ཞིག་ཡིན་འདུག་པ་དང་གཟའ་སྤེན་པའི་ཕྱི་དྲོ་ངོ་རྒོལ་བ་འབོར་ཆེན་ཞིག་མགྲོན་ཁང་དེའི་མདུན་གནས་མུས་ཡིན་པ་བརྗོད་འདུག
གྲོང་ཁྱེར་གཞུང་གིས་ལོ་ན་ཉི་ཤུ་རྩ་བཞི་ཡིན་པ་ཏུ་ཡང་གའོས་རང་སྲོག་བཅད་པ་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་ཀྱང་འདས་པོ་དེའི་ཕ་མས་གཞུང་གི་འགྲེལ་བརྗོད་དེར་མོས་མཐུན་མེད་པ་དང་བུ་དྭོགས་གཞིའི་རང་བཞིན་ཞིག་ཏི་འོག་འདས་གྲོངས་སུ་ཕྱིན་ལུགས་བརྗོད་བཞིན་ཡོད་པ་རེད།
མགྲོན་ཁང་དེའི་ནང་ལོ་ཤས་སྔོན་ཡང་ལས་བྱེད་པ་ཞིག་དྭོགས་གཞི་ཅན་གྱི་གནས་ཚུལ་འོག་འདས་གྲོངས་སུ་ཕྱིན་ཡོད་འདུག་པ་དང་མགྲོན་ཁང་དེའི་བདག་པོ་དེ་ནི་གྲོང་ཁྱེར་སྤྱི་ཁྱབ་པའི་གཉེན་ཚན་ཞིག་ཀྱང་ཡིན་འདུག
ད་རེས་རྒྱ་ནག་དབུས་ཀྱི་གྲོང་ཁྱེར་དེའི་ནང་བྱུང་བའི་ངོ་རྒོལ་གྱི་གནས་ཚུལ་འདི་ནི་རྒྱ་ནག་ནང་ལོ་ལྟར་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྟོང་ཕྲག་མང་པོ་བྱུང་བཞིན་པའི་ནང་གི་གནས་ཚུལ་བྱེ་བྲག་པ་གཅིག་ཡིན་ཞིང་ངོ་རྒོལ་གྱི་ལས་འགུལ་དེ་དག་མང་ཆེ་བ་གཞུང་གི་ལས་བྱེད་པའི་ལྐོག་ཟའི་བྱ་སྤྱོད་དང་ས་གནས་གཞུང་གི་ལས་བྱེད་པ་ཚོས་ཧམ་སྤྱོད་དང་མང་ཚོགས་ལ་གཉའ་གནོན་གྱི་བྱ་སྤྱོད་སྤེལ་བའི་རྐྱེན་གྱིས་བྱུང་བཞིན་ཡོད་པ་རེད༎