ཆུ་སྒང་གི་རྒྱུན་ལས་ཁག་གཅིག་གིས་ཨ་རིར་སྐོར་བསྐྱོད་གནང་བཞིན་པ།


2017.01.30
ཨ་རིའི་གསང་བའི་དམག་སྦྱོང་སྤྲོད་སར་བོད་ཀྱི་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུཊ་ནས་མི་ལོ་༥༨་འཁོར་བའི་དུས་དྲན་སྲུང་བརྩི་གནང་སྐབས། ༢༠༡༧།༡།༢༨ ཨ་རིའི་གསང་བའི་དམག་སྦྱོང་སྤྲོད་སར་བོད་ཀྱི་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུཊ་ནས་མི་ལོ་༥༨་འཁོར་བའི་དུས་དྲན་སྲུང་བརྩི་གནང་སྐབས། ༢༠༡༧།༡།༢༨
ངག་དབང་ཐར་པ།

བོད་ཀྱི་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུཊ་བཙུཊ་ནས་མི་ལོ་༥༨་འཁོར་བའི་དུས་དྲན་ཨ་རིའི་གསང་བའི་དམག་སྦྱོང་སྤྲོད་སར་སྲུང་བརྩི་གནང་འདུག
ཟླ་འདིའི་ཚེས་༢༨་ཉིན་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་བཞི་བྱང་ཨ་རིའི་ཁུལ་དུ་ཕྱོགས་བསྐྱོད་གནང་བཞིན་པ་དང་སྟབས་བསྟུན། ཨ་རིའི་གྲོང་ཁྱེར་ཁོ་ལ་ར་དྷོའི་ཀེམ་ཧིལ་ཞེས་པའི་ས་གནས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ནས་མི་ལོ་༥༨་འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་འདུག
དེ་ཡང་ངག་དབང་ཐར་པ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་བ་ལྟར་ན། སྐབས་དེར་ཁ་ལོ་ར་ཀྲོ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཁག་ཅིག་དང་། དབུས་རྒྱུན་ཚོགས་གཙོ་ཟུར་པ་དང་ས་གནས་ཀྱི་གནད་ཡོད་མི་སྣ་༣༠ ལྷག་མཉམ་ཞུགས་བྱས་ཡོད་པ་རེད། དུས་དྲན་སྲུང་བརྩིའི་ཐོག་༧གོང་ས་མཆོག་དང་། ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་རྣམ་གཉིས་ཀྱི་སྐུ་པར་ལ་མཇལ་དར་སྒྲོན་རྗེས། བསང་གསོལ་བཏང་ཡོད་པ་དང་། དབུས་རྒྱུན་ཚོགས་གཞོན་ཚེ་རྡོར་ལགས་ཀྱིས་མཛད་སྒོ་དབུ་འཛུགས་ཀྱི་གསུང་བཤད་སྐབས། ས་གནས་འདི་ལ་དུས་དྲན་སྲུང་བརྩི་བྱེད་ཐུབ་པ་འདི་ང་ཚོ་ཆུ་བཞི་སྒང་དྲུག་ཚོགས་པ་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་ལེའུ་གལ་འགང་ཆེ་ཤོས་ཤིག་ཆགས་ཡོད་སྐོར་སོགས་གསུངས་འདུག
དྲུང་ཆེ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས། ས་གནས་འདིར་ཆུ་སྒང་གི་དཔའ་རྒོད་ཚོར་ཨ་རིས་གསང་བའི་དམག་སྦྱོང་སྤྲད་ནས། བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ལུས་སྲོག་བློས་གཏོང་བྱས་པ་བརྒྱུད་ད་ལྟའི་བོད་དང་བོད་ཀྱི་མི་རབས་གསར་པ་འདི་འཛམ་བུ་གླིང་ན་དགྲ་བོའི་ཁ་གཏད་དུ་ལངས་ཐུབ་པ་བྱུང་ཡོད་ལ། ༧གོང་ས་མཆོག་གིས་གཙོས་རིས་མེད་སྐྱེས་ཆེན་ཁག་རང་དབང་གི་ཡུལ་དུ་གདན་ཞུས་ཐོག་རང་གཞུང་ལ་ལེགས་སྐྱེས་རྒྱ་ཆེན་ཕུལ་ཐུབ་ཡོད་སྟབས་ཁོང་ཚོའི་སྙིང་སྟོབས་ལ་གུས་འདུད་དང་། ཁོང་ཚོའི་དམིགས་ཡུལ་དང་རེ་བ་དེ་དག་སྙིང་ལ་བཅངས་ཐུབ་དགོས་པའང་གལ་ཆེན་གྱུར་ཡོད་སྐོར་གསུངས་འདུག
སྐབས་དེར་ཁོ་ལ་ར་དྷོ་རུ་ས་གནས་ཆུ་སྒང་གསར་འཛུགས་བྱེད་མཁན་གྱི་མི་སྣ་ཡང་བསྐོ་བཞག་བྱས་ཡོད་འདུག
མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ལས་བཞི་ཨ་རིའི་ས་གནས་མི་ནི་སོ་ཌར་འཚམས་གཟིགས་གནང་ནས་ས་རྒྱུན་གསར་འདེམས་གོ་སྒྲིག་ཚོགས་ཆུང་བསྐོ་བཞག་གནང་ཡོད་པ་དང་། དེ་རྗེས་ཀ་ལ་ཧྥོ་ནི་ཡར་འཚམས་གཟིགས་སྐོར་སྐྱོད་ཕེབས་ནས། ཆུ་སྒང་ས་གནས་རྒྱུན་ལས་སྐབས་བཞི་པ་འོས་བསྡུའི་ལམ་ནས་བསྐོ་བཞག་གནང་ཡོད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎