ཆོས་རིག་བཀའ་བློན་མཆོག་རྒྱལ་སྤྱིའི་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་ཆེན་ལ་མཉམ་ཞུགས།
2017.11.21
བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་རྒྱ་གར་ནང་ཚོགས་པའི་རྒྱལ་སྤྱིའི་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་ཆེན་ལ་མཉམ་ཞུགས་གནང་འདུག
དེ་ཡང་འདི་ཚེས་༢༠་དང་ ༢༡ ་བཅས་ཉིན་གཉིས་རིང་རྒྱ་གར་ལྷོ་ཕྱོགས་ཨནྡྲ་པྲ་དེ་ཤི་མངའ་སྡེའི་ནང་གི་(Prashanthi Nilamyam)་ཞེས་པའི་ས་གནས་སུ། རྒྱལ་སྤྱིའི་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་ཆེན་ཞིག་སྐོང་འཚོགས་བྱས་པའི་ནང་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་མཉམ་ཞུགས་གནང་ཡོད་པ་དང་། ཐེངས་འདིའི་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་དེ་བཞིན་(Sri Sathya Sai Seva) ཟེར་བའི་ཚོགས་པས་གོ་སྒྲིག་གནང་བ་ཞིག་ཡིན་འདུག
ལྷན་ཚོགས་དེའི་ཐོག་རྒྱ་གར་ནང་ཡོད་པའི་ཆོས་ལུགས་མི་འདྲ་བ་དགུའི་སྐུ་ཚབ་འཐུས་མི་རྣམ་པ་དང༌། བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་དཔལ་སྤུངས་ཤེས་རབ་གླིང་གི་ཁྱུང་པོ་རིན་པོ་ཆེ་མཆོག་སོགས་ཀྱིས་སྨོན་ལམ་གསུང་འདོན་གནང་འདུག
ཆོས་རིག་བཀའ་བློན་མཆོག་གིས་སྐབས་དེར་ལྷན་ཚོགས་གོ་སྒྲིག་གནང་མཁན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Nimish Pandya) མཆོག་མཇལ་འཕྲད་ཀྱིས་ལྷན་ཚོགས་དེ་ལྟ་བུ་གོ་སྒྲིག་གནང་བར་ཡི་རངས་བསྔགས་བརྗོད་དང་། ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལྷན་ཚོགས་ཐོག་ནང་པ་སངས་རྒྱས་པའི་གཞུང་ནས་གཞན་ཕན་དང་བྱམས་སྙིང་རྗེའི་ལྟ་གྲུབ་སྐོར་གསུང་བཤད་གནང་ཡོད་པ་དང༌། ཡང་ཚེས་༢༡་ལྷན་ཚོགས་ཉིན་མཐའ་མ་མཇུག་སྡོམ་མཛད་སྒོར་རྒྱ་གར་གྱི་སྲིད་བློན་ (Narendra Modi)་མཆོག་གིས་གསུང་འཕྲིན་གནང་བ་བརྙན་འཕྲིན་བརྒྱུད་གཟིགས་འབུལ་ཞུས་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།