མ་འོངས་ལོ་བཅུའི་དབང་འཛིན་ཆེད་གྲ་སྒྲིག་བྱེད་བཞིན་པ།
2012.10.05
༄༅། །རྒྱ་ནག་གཞུང་གིས་ཁ་སྔོན་ཕྱི་ཟླ་༩ཚེས་༢༨ ཉིན་ཏང་གི་ཚོགས་ཆེན་༡༨ པ་ཕྱི་ཟླ་༡༡ཚེས་༨ ཉིན་ཚོགས་རྒྱུའི་དུས་ཚོད་དང༌། Bo Xilai གུང་ཁྲན་ཏང་གི་ཚོགས་མི་ནས་ཕྱིར་འབུད་བྱས་པའི་གསལ་བསྒྲགས་གཉིས་ཉིན་གཅིག་ལ་བྱས་ཡོད་པ་རེད། རྒྱ་ནག་གུང་ཁྲན་ཏང་གི་ཚོགས་མི་ས་ཡ་༨༠ ལྷག་ཡོད་པ་ནས་སྐུ་ཚབ་འཐུས་མི་ཉིས་སྟོང་ཉིས་བརྒྱ་བདུན་བཅུ་འདེམས་རྒྱུར་ཧ་ལམ་དབང་ཆ་མེད་ཅིང༌། དེའི་རྒྱུ་མཚན་ནི་ཏང་གི་ཚོགས་མི་ས་ཡ་༨༠ དེ་ནས་ཚོགས་མི་བརྒྱ་ཆ་༧༠ ནི་ཏང་གི་དཔོན་རིགས་ཡིན་ཞིང༌། དེའི་འཕྲོས་ཀྱི་ཚོགས་མི་བརྒྱ་ཆ་གསུམ་བཅུ་ནི་དམག་མི་དང༌། ལས་བྱེད་པ། Olympic རྩེད་འགྲན་ནང་གསེར་གྱི་རྟགས་མ་ཐོབ་པ། ཚོང་པ་འབྱོར་ལྡན་ཉུང་ཤས་ལས་ཚང་མ་གོ་གནས་མེད་པ་ཤ་སྟག་ཡིན་དཔལ་འབྱོར་གྱི་གསར་ཤོག་ཅིག་གི་ནང་འགྲེལ་བརྗོད་གནང་འདུག
ད་ཆ་རྒྱ་ནག་རྒྱལ་ཡོངས་སུ་ཏང་གི་ཚོགས་ཆེན་ལ་བསྔགས་བརྗོད་ཀྱི་ཡིག་ཆེན་དང་། དྲན་གསོའི་ཡིག་ཟམ་གསར་པ་བཟོ་སྐྲུན་གྱི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་ཀྱང༌། དོན་དངོས་ཐོག་གྲ་སྒྲིག་དེའི་ཁོངས་སུ་རྒྱ་ནག་གི་ཞིང་ཆེན་གཞན་ཁག་ནས་རྒྱལ་ས་པེ་ཅིང་དུ་ཟིང་ཆའི་དོན་རྐྱེན་སློང་མཁན་ཡོང་བའི་དྭོགས་ཟོན་བྱེད་པ་དང༌། ལྷག་དོན་བོད་ཀྱི་དགོན་སྡེ་ཁག་ནང་བྱེད་མི་ཆོག་པ་གསུམ་གྱི་སློབ་གསོ་སྤེལ་བ་དང༌། Bo Xilai གྱི་དོན་རྐྱེན་སོགས་ཀྱི་གནས་ཚུལ་རྙོག་འཛིངས་ཆེ་བའི་རྐྱེན་གྱིས་ད་རེས་ཀྱི་ཏང་གི་ཚོགས་ཆེན་དེའི་ཐོག་ལ་ཏང་གི་འགོ་ཁྲིད་ཚོས་རྒྱུན་ལྡན་དང་མི་འདྲ་བའི་དྭོགས་ཟོན་དང་བློ་འཚབ་ཆེན་པོ་བྱེད་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་རེད་འདུག།