ནང་སོག་འབྲོག་པ་གསོད་མཁན་ལ་ཁྲིམས་གཅོད།
2011.06.08
༄༅༎ཉེ་ཆར་ནང་སོག་གི་འབྲོག་པ་རྡོ་སོལ་བསྔོག་འདོན་བྱེད་མཁན་གྱི་མོ་ཊས་རྫིས་ནས་རྐྱེན་འདས་སུ་ཕྱིན་པའི་དོན་རྐྱེན་བྱུང་ནས་ས་གནས་སོག་པོའི་སློབ་ཕྲུག་དང་། འབྲོག་པ་ཚོས་གཞུང་གིས་འབྲོག་པ་རྐྱེན་འདས་སུ་གཏོང་མཁན་ལ་ཁྲིམས་གཅོད་ནན་པོ་དགོས་པ་དང་ས་གནས་འབྲོག་པའི་ཐོབ ཐང་སྲུང་སྐྱོབས་དགོས་པའི་ངོ་རྒོལ་གྱི་རྔམ་སྟོན་ཉིན་གྲངས་ཁ་ཤས་བསྟུད་མར་བྱས་པའི་རྗེས་ དེ་རིང་གཟའ་ལྷག་པའི་ཉིན་ནང་སོག་གི་གྲོང་ཁྱེར་ཤི་ལིང་ཧོ་ལོང་འབྲིང་རིམ་མི་མང་ཁྲིམས་ཁང་གིས་འབྲོག་པ་རྐྱེན་འདས་སུ་གཏོང་མཁན་རྡོ་སོལ་འོར་འདྲེན་མོ་ཊ་གཏོང་མཁན་གཉིས་ལ་དངོས་སུ་ཁྲིམས་ཞིབ་བྱས་ཡོད་རེད། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་རྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་རྡོ་སོལ་འོར་འདྲེན་མོ་ཊ་གཏོང་མཁན་ལིའི་ལིང་ཏུང་དང་ལུའུ་ཤང་ཏུང་གཉིས་ཀྱིས་རྐང་བཙུགས་ནས་མི་བསད་པའི་ཉེས་པའི་ཐོག་ནས་ཁྲིམས་གཏུགས་བྱས་ཡོད་རེད། དེ་བཞིན་ཝུའུ་ཞའོ་འོད་དང་ལིའི་མིང་ཀང་གིས་ཉེན་རྟོགས་མི་སྣས་ལས་དོན་སྒྲུབ་སྒྱུར་འགོག་རྐྱེན་བཟོས་པའི་ཉེས་བཙུགས་ཐོག་ནས་ཁྲིམས་གཏུགས་བྱས་ཡོད་པ་རེད། གོང་ཞུས་ཁྲིམས་གཏུགས་བྱས་པའི་གྱོད་གཞི་བཞི་པོ་དང་། དེ་མིན་རྐྱེན་འདས་སུ་ཕྱིན་པའི་འབྲོག་པ་མོར་གན་གྱི་ནང་མི་སྤུན་མཆེད་སོགས་མི་གྲངས་༡༦༠ཙམ་གྱིས་ཁྲིམས་ཁང་དུ་ཁྲིམས་ཞིབ་ཉན་ཡོད་པ་འཁོད་འདུག རོས་ཁྲར་གསར་འགྱུར་རྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་པར་གཞིགས་ན། ད་རེས་ནང་སོག་མི་མང་གིས་ངོ་རྒོལ་རྔམ་སྟོན་དེར་རྒྱ་ནག་གཞུང་གིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། ས་གནས་ནང་སླར་ཡང་ངོ་རྒོལ་གྱི་རིགས་མི་ཡོང་རྒྱུའི་ཆེད་འབྲོག་པ་མོར་གན་རྐྱེན་འདས་སུ་གཏོང་མཁན་གྱི་མི་གཉིས་པོར་སྲོག་ཐོག་གི་ཉེས་ཆད་བཀེལ་སྲིད་པ་འཁོད་འདུག་ལ་ རོས་ཁྲར་གསར་འགྱུར་རྒྱུད་ལམ་གྱི་གསར་འགོད་པས་ཁྲིམས་ཁང་དུ་ཁྲིམས་ཞིབ་སྐོར་ཁ་པར་བརྒྱུད་ནས་སྐད་ཆ་དྲིས་ཡོད་ཀྱང་དེར་འབྲེལ་ཡོད་ཁག་གིས་ལན་འདེབས་གང་ཡང་བྱས་མེད་པའི་སྐོར་འཁོད་འདུག།