རྒྱ་གར་ནས་ཕ་ཡུལ་ལ་ཕྱིར་ལོག་བྱས་ཡོད་པ་ཚོར་ཟབ་སྦྱོང་སྤྲད་ནས་ལྟ་སྐོར་ལ་ཁྲིད།
2018.11.20
རྒྱ་གར་ནས་ཕ་ཡུལ་ལ་ཕྱིར་ལོག་བྱས་ཡོད་པའི་རྔ་བ་དང་དཀར་མཛེས་ཕྱོགས་ཀྱི་བོད་མི་ཁག་ཅིག་ལ་རྒྱ་ནག་གིས་ཟབ་སྦྱོང་སྤྲད་པ་དང་མཉམ་རྒྱ་ནག་ནང་ལྟ་སྐོར་ལ་ཁྲིད་ཡོད་འདུག
དེ་ཡང་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། དེ་སྔ་རྒྱ་གར་དུ་བཙན་བྱོལ་དང་སློབ་སྦྱོང་སོགས་ལ་ཡོང་རྗེས་ཕ་ཡུལ་ལ་ཕྱིར་ལོག་བྱས་བའི་ཨ་མདོ་རྔ་བ་དང་། ཁམས་དཀར་མཛེས་ཕྱོགས་ནས་ཡིན་པའི་བོད་མི་སེར་སྐྱ་མི་གྲངས་༥༠་ཙམ་ཟླ་བ་འདིའི་ཕྱི་ཚེས་༡༢་ནས་༡༤་བར་ཉིན་གྲངས་གསུམ་གྱིས་རིང་ལ་ཁྲིན་ཏུའུ་གྲོང་ཁྱེར་དུ་ཟབ་སྦྱོང་ལ་སྐོང་རྗེས་རྒྱ་ནག་ནང་གི་རྒྱལ་ས་པེ་ཅིན་དང་ལྕགས་རི་རིང་པོ་སོགས་སུ་ལྟ་སྐོར་ལ་ཁྲིད་བཞིན་ཡོད་འདུག
བོད་ནས་གནས་ཚུལ་ངོ་སྤྲོད་པ་ཞིག་གིས། རྒྱ་གར་ནས་ཕ་ཡུལ་ལ་ཕྱིར་ལོག་བྱས་ཡོད་པའི་རྔ་བ་དང་དཀར་མཛེས་ཕྱོགས་ཀྱི་དགེ་འདུན་པ་༣༠་ཡས་མས་དང་། མི་སྐྱ་ཕོ་མོ་ཉི་ཤུ་ཙམ་བཅས་ཁྱོན་མི་གྲངས་ལྔ་བཅུ་ཙམ་ཁྲིན་ཏུའུ་གྲོང་ཁྱེར་ནང་རྒྱ་ནག་གཞུང་གིས་ཉིན་གྲངས་གསུམ་གྱིས་རིང་ཟབ་སྦྱོང་ལ་སྐོང་བ་དང་། དེའི་རྗེས་རྒྱ་ནག་གཞུང་གིས་འགྲོ་སོང་བཏང་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་ལྕགས་རི་རིང་པོ། ནང་བའི་གནས་ཡོད་ས། རྒྱ་ནག་ནན་ཅིན་གྲོང་ཁྱེར། དམིགས་གསལ་པེ་ཅིན་ལ་ཡོད་པའི་ཨོ་ལོན་ཕེ་ཁུ་རྩེད་ར་ཆེན་མོ་བྱ་ཚང་ཞེས་བ་སོགས་སུ་ལྟ་སྐོར་དུ་ཁྲིད་ཡོད་པ་དང་། ལྟ་སྐོར་སྐབས་སུ་ཡང་ཟ་མ་གང་ལེགས་དང་མགྲོན་ཁང་སྐར་མ་བཞི་ཅན་དང་ལྔ་ཅན་གྱིས་མཐུན་རྐྱེན་སྤུས་ལེགས་སྦྱར་བ་ངོ་སྤྲོད་བྱས་བྱུང་།
གོང་བརྗོད་བོད་རིགས་སྐྱ་སེར་ལྔ་བཅུ་ཙམ་གྱི་སྟེང་དུ་རྒྱ་རིགས་ལས་བྱེད་མི་བརྒྱད་དང་ཡུལ་སྐོར་སྣེ་ཁྲིད་པ་མི་གཉིས་བཅས་ཁྱོན་མི་གྲངས་དྲུག་བཅུ་ཙམ་ཡོད་འདུག
གནས་ཚུལ་ཡོངས་ཁུངས་ནས་བརྗོད་ན། སྤྱིར་རྔ་བ་དང་དཀར་མཛེས་ནས་ཡིན་མཁན་དེ་སྔ་རྒྱ་གར་ནས་ཕྱིར་ལོག་ནས་ཕ་ཡུལ་དུ་སྡོད་མཁན་མི་གྲངས་ལྔ་བཅུ་ཙམ་མ་གཏོགས་མེད་པའམ་ཡང་ན་ཆེད་དུ་མི་གྲངས་འདི་ཙམ་ལ་མ་གཏོགས་བརྡ་བཏང་མེད་པ་གང་ཡིན་གསལ་བོ་ཤེས་ཐུབ་ཀྱིན་མི་འདུག་ཟེར།
གཞན་ཡང་མུ་མཐུད་དུ་རྒྱུས་ལོན་བྱུང་བ་ལྟར་ན། ཁོང་ཚོར་ཟབ་སྦྱོང་སྤྲོད་མཁན་མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གིས་ཉིོན་གཅིག་ལ་བོད་ཀྱི་རིག་གནས་སྐོར་ནས་ཟབ་སྦྱོང་སྤྲད་པ་དང་། དེ་མིན་རྒྱ་རིགས་མཁས་དབང་ཡིན་ཟེར་མཁན་གཉིས་ཀྱི་རྒྱ་ནག་གི་ཁྲིམས་ལུགས་དང་ཆབ་སྲིད། བོད་ཀྱི་ནང་ཆོས་བཅས་ཀྱི་སྐོར་ནས་ཟབ་སྦྱོང་སྤྲད་ཡོད་འདུག་ལ་ཟབ་སྦྱོང་སྐབས་སུ་གུ་ཡངས་གི་རྣམ་པའི་སྒོ་ནས་མ་གཏོགས་ཉེན་བརྡ་དང་འཇིག་སྐུལ་གྱི་རྣམས་པ་གང་ཡང་མ་བསྟན་པར་ཞི་འཇམ་ལྡན་པའི་སྒོ་ནས་ཟབ་སྦྱོངས་འཚོགས་ཡོད་འདུག
གསར་འགོད་པ་ཀུན་བཟང་བསྟན་འཛིན།